རིག་གནས་ཡུལ་སྐོར་གྱིས་ཕྱུག་འགྱུར་ལམ་དུ་ཁྲིད་པའི་བདེ་ཆེན་རྫོང་།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36


རིག་གནས་ཡུལ་སྐོར་གྱིས་ཕྱུག་འགྱུར་ལམ་དུ་ཁྲིད་པའི་བདེ་ཆེན་རྫོང་།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་རིག་གནས་ཡུལ་སྐོར་གྱི་བྱ་གཞག་ལ་བརྟེན་ནས། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་འདུག ཉིས་སྟོང་ཉེར་གཉིས་ལོར། རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ས་ཡ་གཉིས་དང་འབུམ་གསུམ་སྟོང་གསུམ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་གཉིས་རེད།

བདེ་ཆེན་རྫོང་ནི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་འདྲེས་མདོ་རུ་ཆགས་ཡོད་ལ། ས་བབ་ཀྱི་དགེ་མཚན་དེ་བེད་སྤྱད་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བཏང་སྟེ། འཛམ་གླིང་གི་ཡུལ་སྐོར་གནས་མཆོག་རྩེ་གྲ་དང་ཀུན་གྱིས་སྨོན་པ་བྱེད་སའི་ཤམ་བྷ་ལའི་ཞིང་མཆོག་གི་མིང་བྱང་འཛུགས་སྐྲུན་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་སྟོབས་ལྡན་རྫོང་མཁར་དང་རྒྱལ་ཁབ་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་ལྗོངས་རྒྱུའི་དཔེ་སྟོན་ཁུལ་བཙུགས་ནས། རྒྱལ་སྤྱིའི་རིམ་པ་དང་པོའི་ཡུལ་སྐོར་དམིགས་སའི་ཕྱོགས་སུ་ནུས་ཤུགས་གང་ཡོད་ཀྱིས་གོམ་པ་སྤོ་བཞིན་འདུག དེའི་སྐོར་ནས་བདེ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཆིན་ཧྭ(བསོད་ནམས་ནོར་བུ། )ཡིས་བཤད་རྒྱུར། “བདེ་ཆེན་རྫོང་ལ་མཚོན་ན་ཡུལ་སྐོར་བ་འགུག་གནས་གཙོ་བོ་ཁ་བ་དཀར་པོ་ཡིན་ལ།  ཡུལ་སྐོར་གྱི་ཐོན་ཁུངས་མང་པོ་ཡོད་པ་མ་ཟད་གཞས་ལ་ཡང་རིགས་མང་པོ་ཡོད།  འཇོལ་གཞས་གཙོ་བྱས་ཏེ་གཞས་དང་ཞབས་བྲོ་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་མང་པོ་རྒྱུད་འཛིན་བྱས་ཡོད།

གནས་མཆོག་ཁ་བ་དཀར་པོ་ནི་ཕྱི་ན་གངས་རིའི་མཛེས་སྡུག་རྣམ་པར་བཀྲ་ཞིང་། ནང་ན་རིག་གནས་ཀྱི་རྨང་གཞི་མཐུག་པོ་ཡོད་པའི་ཡུལ་སྐོར་གྱི་རྟེན་གཞི་གཙོ་བོ་རེད། ཁ་བ་དཀར་པོའི་རི་རྒྱུད་དུ་སྤྲིན་དང་སྨུག་པ་འདྲེས་ནས། གངས་རིའི་རྩེ་རུ་ལང་ལོང་འཁྲིགས་ལ། དེ་ནི་སྒྱུ་འཕྲུལ་གྱི་གློག་བརྙན་ཞིག་ལ་བརྙན་ཡོལ་ལས་བལྟ་བ་དང་མཚུངས། བདེ་ཆེན་རྫོང་གིས་ཁ་བ་དཀར་པོའི་རི་རྒྱུད་ཀྱི་མཐའ་བསྐོར་ནས། གནས་མཆོག་ཁ་བ་དཀར་པོར་ལྗོངས་རྒྱུ་བྱེད་སའི་སྟེགས་བུ་བདུན་འཛུགས་སྐྲུན་བྱས་ཡོད་ལ། ཁ་བ་དཀར་པོའི་རིག་གནས་དང་གཏམ་རྒྱུད་མང་པོས་ཡུལ་སྐོར་བ་དག་གི་ཡིད་སེམས་རབ་ཏུ་འགུག་བཞིན་འདུག  གནས་མཆོག་ཁ་བ་དཀར་པོའི་རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་ཡོད་ཅིང་། གནམ་གཤིས་དང་ཉི་འོད་ཀྱི་འགྱུར་ལྡོག་དང་བསྟུན་ནས། རི་བོའི་ཟོམ་དུ་ཁ་དོག་སྣ་ཚོགས་ཀྱི་བཀྲག་མདངས་འཚེར་ཡོང་ལ། དུས་བཞིར་འགྱུར་བ་མེད་པར་རི་སྐེད་དུ་སྨུག་པས་སྐ་རགས་བཅིངས་ཤིང་། རྩེ་མོ་རུ་སྤྲིན་པ་ལྡིང་སྐོར་རྒྱག་པས། ཡུལ་ལྗོངས་ཧྲིལ་བོར་འཆར་ཡན་གྱི་ཉམས་ཀྱིས་ཕྱུག་ཡོད།

ཁ་བ་དཀར་པོའི་རྔམས་མཐུག་པའི་རིག་གནས་ཁྲོད་དུ། མི་ཆོས་ལོ་རྒྱུས་ཀྱིས་ཡུན་རིང་མ་དོར་རྒྱུན་འཛིན་བྱས་ཡོང་ཡོད་པ་ནི“འཇོལ་གཞས”ཞེས་པ་དེ་རེད། ཉེ་བའི་ལོ་འདི་དག་ལ། བདེ་ཆེན་རྫོང་གིས་ས་གནས་རང་གི་འཇོལ་གཞས་དེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ཞིང་། པི་ཝང་རྒྱུད་གཉིས་མའི་འགུག་རྟ་ལ་དྲངས་ནས། འཇོལ་གཞས་སྙན་མོ་ངག་ལ་ལེན་ཞོར། ལུས་ཀྱི་སྟངས་སྟབས་ཅི་དགར་མངོན་ཞིང་། མཐོང་བའི་མོད་ལ་ལྟད་མོ་བ་མང་པོའི་ཡིད་སེམས་ཅིག་ཅར་དུ་འཕྲོག་བཞིན་འདུག  དེའི་སྐོར་ནས་རིག་གནས་ཡུལ་སྐོར་བྱ་བ་ལོ་མང་པོར་གཉེར་མྱོང་བའི་བསོད་ནམས་ནོར་བུ་ཡིས་བཤད་རྒྱུར། ང་རང་ཉིད་ཀྱིས་དེ་སྔོན་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བ་གཉེར་མྱོང་ལ།  བདེ་ཆེན་འཇོལ་གཞས་དང་སྐོར་བྲོ་ལ་རྒྱུས་མངའ་ཅུང་ཙམ་ཡོད།  འཇོལ་གཞས་ནི་ཡུན་ནན་དང་སི་ཁྲོན།  བོད་ལྗོངས་སོགས་སུ་དར་ཁྱབ་ཅུང་ཆེ་ལ།  ས་ཆ་གཞན་དག་ཏུ་འཇོལ་གཞས་དར་ཁྱབ་ཧ་ཅང་ཆུང་།  སྨར་ཁམས་དང་འབའ་ཐང་གི་འཇོལ་གཞས་ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་སྙན་ཞུ་བྱས་ཡོད།  ད་ལྟ་ང་ཚོའི་ཡུན་ནན་གྱི་འཇོལ་གཞས་དར་ཁྱབ་ཤིན་ཏུ་ཆེ།  སྡེ་བ་མང་པོ་རུ་རང་ཉིད་ཀྱི་འཇོལ་གཞས་རུ་ཁག་ཡོད་པ་དང་།  དུས་རྒྱུན་འཇོལ་གཞས་ཀྱི་སྐོར་ལ་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད།  དཔེར་ན་དེ་རིང་ང་ཚོའི་སྡེ་བའི་བུད་མེད་འཇོལ་གཞས་རུ་ཁག་སྡེ་བ་གཞན་ཞིག་ཏུ་སོང་ནས་འཁྲབ་སྟོན་བྱེད་པ་དང་།  ཉིན་འགའི་རྗེས་སུ་སྡེ་བ་གཞན་དེའི་རུ་ཁག་ཚུར་ཡོང་ནས་འཁྲབ་སྟོན་བྱེད་སྲིད།  ད་ལྟ་ང་ཚོའི་བདེ་ཆེན་འཇོལ་གཞས་ལ་སྲུང་སྐྱོབ་བྱས་པ་ཧ་ཅང་བཟང་།

བདེ་ཆེན་རྫོང་གིས་ས་གནས་རང་གི་ཁྱད་ཆོས་ལ་རྐང་བཙུགས་ཏེ། རིག་གནས་དང་ཡུལ་སྐོར་གཉིས་མཉམ་འདྲེས་ཡོང་དུ་བཅུག་ནས། ཡུལ་སྐོར་གྱི་བྱ་བ་ཕྱོགས་ཡོངས་ནས་སྤུས་ལེགས་དང་འཐུས་ཚང་དུ་གཏོང་བཞིན་འདུག ཡུལ་སྐོར་བ་མང་པོས་ཁ་བ་དཀར་པོའི་བརྗིད་ཆགས་པའི་རང་བྱུང་མཛེས་ཉམས་ལ་ལོངས་སུ་སྤྱོད་པ་ལས་གཞན། ས་གནས་དེའི་དམངས་ཁྲོད་རིག་གནས་སྣ་ཚོགས་ལ་རྒྱུས་ལོན་བྱེད་ཐུབ་པའི་དགོས་མཁོ་བསྐངས་འདུག བདེ་ཆེན་རྫོང་གིས་ཁ་བ་དཀར་པོའི་གངས་འདབས་སུ་འཇོལ་གཞས་ཀྱི་སྙན་པ་ཕྱོགས་བཞིར་ཁྱབ་པར་ནུས་པ་གང་ཡོད་འདོན་བཞིན་འདུག་ལ། དེ་མིན་བདེ་ཆེན་སྐོར་བྲོ་ཡི་ཕྱོགས་སུ་ཡང་ནུས་ཤུགས་གང་མང་བཏོན་ནས། ཡུལ་སྐོར་བ་མང་པོས་དགའ་མོས་བྱེད་ཡུལ་དུ་གྱུར་འདུག དེའི་སྐོར་ནས་རྫོང་རིམ་པའི་རྒྱུན་འཛིན་པ་སྐལ་བཟང་གིས་བཤད་རྒྱུར།   “རང་ཉིད་ལོ་ན་རྒས་བཞིན་ཡོད་མོད།  ད་ལྟ་ད་དུང་གཞས་ལེན་ཐུབ་ལ་འཁྲབ་ཀྱང་ཐུབ་པ་མ་ཟད།  གཞས་ཚིག་འབྲི་བའི་རྨང་གཞི་ཡང་ཅུང་ཙམ་ཡོད།  ང་རང་གི་བསམ་ཚུལ་ཡིན་ན་རང་ཉིད་ཀྱིས་ཤེས་པའི་རིག་གནས་འདི་དག་མི་སུ་ཞིག་གིས་སློབ་འདོད་ན་དེ་ལ་ཁྲིད་ངེས།  དེ་མིན་མི་རིགས་ཀྱི་ཁྱད་པར་མེད་ལ་བོད་རིགས་དང་རྒྱ་རིགས།  འཇང་རིགས།  ལི་སུའུ་རིགས་སུས་སློབ་འདོད་ན་ཁོ་ཚོར་ཁྲིད་སྲིད།  ན་ནིང་ཡན་མིན་ཡུལ་ཚོ་རུ་ཟླ་གཉིས་བསྡད་ནས་སློབ་མ་སྐྱེད་སྲིང་བྱས་པ་དང་།  ཁོ་ཚོར་འཇོལ་གཞས་རུ་ཁག་གཉིས་ཡོད་ལ།  རུ་ཁག་རེར་ཟླ་གཅིག་རེར་ཁྲིད་པ་ཡིན།  ཁྲིད་པའི་ནང་དོན་ནི་ལེན་སྟངས་དང་འཁྲབ་སྟངས།  གཞས་ཚིག་བཅས་ཡིན།  དེ་མིན་ད་དུང་ཡུལ་ཚོ་གཞན་དག་ཏུ་སོང་ནས་འཇོལ་གཞས་ཁྲིད་པ་ཡིན་ལ།  སུས་སློབ་འདོད་ན་དུས་ནམ་ཡིན་ཡང་ལྷག་བསམ་རྣམ་དག་གིས་ཁྲིད་ངེས་ཡིན།

གནས་མཆོག་ཁ་བ་དཀར་པོའི་ངོ་མཚར་སྟོང་གི་གཟི་བྱིན་དང་། བདེ་ཆེན་ས་ཆའི་ཡུལ་སྲོལ་རིག་གནས་ཀྱི་འགུག་ཤུགས་ལ་བརྟེན་ནས། འཛམ་གླིང་ཡུལ་གྲུ་སོ་སོའི་ཡུལ་སྐོར་བ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་གནས་དེར་སླེབས་ནས།  ཁ་བ་དཀར་པོའི་བརྗིད་ཉམས་དང་འཇོལ་གཞས་སྙན་མོའི་གདངས་དབྱངས།  བདེ་ཆེན་སྐོར་བྲོའི་མཉེན་ལྕུག་བཅས་ལ་ཡིད་སེམས་རབ་ཏུ་འཁྲེང་བཞིན་འདུག་ལ།  ས་གནས་མང་ཚོགས་རྣམས་ཀྱིས་ཡུལ་སྐོར་གྱི་འདུ་ལོང་ཁྲོད་ནས་མགྲོན་པོ་བསུ་བ་དང་།  འབྱོར་ཕྱུག་གི་འཚོ་བའི་ཀློང་ནས་སྤྲོ་གླུ་ལེན་བཞིན་འདུག

གསར་འགོད་པ།   ཕྱུག་ལོ།  ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ།  སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།  ཕྱུག་ལོ།

ལྟ་སྐུལ་བ།  དབང་གྲགས་ཚེ་རིང་།