སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བ་དང་སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་དགོས།
2023.07.13 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 3

  བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། “དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཀྱི་བསམ་བློ་ཇེ་དྲག་ཏུ་གཏོང་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས”ཞེས་བསྟན་ཡོད།

སྤྱོད་གཙང་གི་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་དང་སྤྱོད་གཙང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱེད་པ་དང་། དུས་རབས་གསར་པའི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལས་དོན་ལ་དམིགས་ཏེ་ཡུལ་དངོས་སུ་སྐུལ་སྤེལ་ཚོགས་འདུ་འཚོགས་ནས།    ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། སྤྱོད་གཙང་གི་ཁྱིམ་སྲོལ་བཟང་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་ལས་འགན་དུ་བརྩིས་ནས། སྤྱོད་གཙང་གི་ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་པ་སོགས་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་སོ་སོས“སྤྱོད་གཙང་གཞུང་དྲང་གིས་སྲོལ་གསར་གཏོད་པའི”དམིགས་འབེན་ལ་དམ་པོར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་གཟིགས་ཞིབ་གནང་སྐབས་བརྗོད་དོན་སློབ་གསོའི་ཐད་བླང་བྱ་གསལ་བོ་བཏོན་པ་དང“སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བའི”ཐད་འཆད་འགྲེལ་གཏིང་ཟབ་གནང་ནས“སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་དགོས”ཞེས་ནན་བཤད་གནང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ངན་རེངས་རང་བཞིན་དང་རྒྱུན་འབྱུང་རང་བཞིན་གྱི་གནད་དོན་མང་པོ་ཞིག་འཕྲད་ཡོད། ཁ་ཕྱོགས་གསལ་སྟོན་དང་། སྒྲིག་ལམ་འཛུགས་པ། སྤྱོད་ཚུལ་སྲུང་བ། རུལ་འགོག་ནུས་པ་ཆེ་རུ་གཏོང་བཅས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྤྱོད་བཟང་རྒྱུན་མཐུད་ངང་སྐྱེད་སྲིང་བྱས་ཚེ། གཞི་ནས་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་གྲུབ་འབྲས་ཡག་པོ་ཐོབ་སྲིད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་རང་སྣང་འཇིག་རྟེན་ལྟ་བར་འགྱུར་ལྡོག་བཏང་སྟེ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པའི་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལྷག་པར་དུ་དགོངས་པ་གལ་ཆེན་དེའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་མཚོན་ཆ་ཞིག་ཏུ་འགྱུར་བར་བྱས་ཏེ། ནང་སེམས་ལ་འཇགས་པ་དང་ཕྱི་ལག་ལེན་ལ་དོན་འཁྱོལ་བྱེད་པ་དང་།  སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།  གུང་ཁྲན་ཏང་མིའི་བླ་ན་མེད་པའི་གཤིས་རྒྱུད་དང་སྤྱོད་གཙང་གི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།

སྤྱོད་གཙང་སྲིད་སྐྱོང་བྱས་ཚེ་གཞི་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། དབང་ཆ་དྲང་གཞག་ངང་སྤྱད་ཚེ་གཞི་ནས་དམངས་སེམས་ཐོབ་ཐུབ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བ་དང་སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བར་ཡང་དག་པའི་དབང་ཆའི་ལྟ་བ་བརྟན་པོར་འཛུགས་དགོས།

རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱས་ནས་གཙང་མ་གཙང་རྐྱང་གི་བློ་མཐུན་བར་གྱི་འབྲེལ་བ་དང་། ཡ་རབས་ཚུལ་ལྡན་གྱི་གོང་འོག་བར་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་བར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་ཚེ། གཞི་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་དང་སྤྱི་ཚོགས་ཀྱི་དར་སྲོལ་ཡག་པོའི་སྣེ་ཁྲིད་པ་དང་། ལས་དོན་པ། སྲུང་སྐྱོང་བ་བཅས་ཡག་པོ་ཞིག་བྱེད་ཐུབ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ང་ཚོའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད་པས་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། རང་ཉིད་ཀྱི་ལག་ཏུ་ཡོད་པའི་དབང་ཆ་དང་ལས་གནས་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་དང་། དེ་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཐད་སྤྱོད་པ་དང་། དམངས་ཆེད་ཁེ་ཕན་སྒྲུབ་པར་སྤྱོད་དགོས་པ་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས། དབང་ཆར་གུས་སྐྲག་གི་བསམ་པ་རྒྱུན་འཁྱོངས་བྱས་ཏེ་སྤྱོད་གཙང་ནི་བདེ་སྐྱིད་དང་། འདོད་རྔམ་ནི་ཆག་སྒོ་ཡིན་པའི་གནས་ལུགས་བློ་ལ་བརྟན་པོར་བཅངས་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་འཛུགས་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སེམས་རྣལ་དུ་ཕབ་པ་དང་། བྱ་སྤྱོད་ལ་དོ་དམ་བྱེད་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་བྱེད་དགོས།

སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བར་རང་རྟོགས་གཙོ་གནད་དུ་འཛིན་དགོས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བ་དང་སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བར། སྤྱོད་གཙང་གི་ཉེན་ཁ་གནས་ས་ཕྱོགས་ཡོངས་ནས་འཚོལ་ཞིབ་དང་། བསམ་བློའི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ། སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་སྐབས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གནད་དོན་གྱི་ཕྱོགས་སྟོན་འབུར་དུ་ཐོན་པར་བྱས་ནས། ཞན་ཆ་འཚོལ་བ་དང་། ཧེ་བག་འཚོལ་བ།  ཁ་ཕྱོགས་གསལ་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ཞིབ་བཤེར་དང་ལེན་དང་། ཆབ་སྲིད་ཐད་ཀྱི་གནད་དོན་གཙང་སེལ། བྱ་སྤྱོད་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་བཅས་བྱེད་པ་དང་། བསམ་བློ་དྭངས་གཙང་མིན་པ་དང་རྩ་འཛུགས་དྭངས་གཙང་མིན་པའི་ཐད་གནས་པའི་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས”ཞེས་ནན་བཤད་གནང་།

སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བའི་འགག་རྩ་ནི་རྒྱུན་མཐུད་བྱ་རྒྱུ་དེ་ཡིན། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་དང་སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བར“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི”བླང་བྱ་གཞིར་བཟུང་སྟེ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ། འགོག་སྲུང་འཛིང་རགས་ཡག་པོ་འཛུགས་པ་བཅས་ཀྱི་བླང་བྱ་འདོན་དགོས། མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བཞིན་ཡོད། འོན་ཀྱང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་དང་། འཕར་ཚད་བཀག་འགོག་དང་གསོག་ཉར་གཙང་སེལ་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་པས། ང་ཚོས་རུལ་སུངས་ཀྱི་ངན་རེངས་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་བར། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་པ་དང་། རུལ་རྒོལ་འགྱུར་འགོག་གི་ཉེན་བརྡ་རྒྱུན་དུ་སྒྲོག་དགོས་པ་གསལ་པོར་ཤེས་དགོས། བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་ནས། རུལ་སུངས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་འགག་རྩ་ནི་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་དུས་མཉམ་དུ་ཤུགས་འདོན་དང་། ཕྱོགས་གཅིག་ཏུ་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བཅས་རྒྱུན་འཁྱོངས་བྱེད་དགོས།

ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བསམ་བློའི་འབྱུང་རྩ་དང་ལམ་ལུགས་དང་ལམ་སྲོལ་ཐོག་ནས་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། གུང་ཁྲན་ཏང་མིའི་གཞུང་དྲང་གི་ཆབ་སྲིད་རང་བཞིན་ནམ་ཡང་གནས་ཐུབ་པ་བཅས་བྱས་ཚེ།  ང་ཚོའི་ལོ་ངོ་བརྒྱའི་ཏང་ཆེན་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རབ་ཏུ་རྒྱས་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ་ངེས་ཡིན།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།