སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོ་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་། སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་དུ་གཏོང་བ།རྒྱལ་ཁབ་སོ་སོ་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་གཏོང་བར་ཤུགས་རྒྱག་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། རྣམ་བཤད་གལ་ཆེན་འདིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་དོན་དང་དམིགས་ཡུལ་མཚོན་ཡོད་ལ།ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བ་དང་ཕྱི་འབྲེལ་བཀོད་པ་ལ་རྒྱུས་ལོན་བྱེད་པའི“གསེར་གྱི་ལྡེ་མིག”ཅིག་ཀྱང་ཡིན།
གྲོགས་པོ་མང་པོ་སྒྲིག་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་འགྱུར་མེད་ལས་འགན་ཡིན་ལ།འདྲ་མཉམ་དང་། སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་མངོན་གསལ་དོད་པོའི་མཚོན་རྟགས་ཤིག་ཡིན་པ་དང་། རང་རྒྱལ་གྱི་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་འབྲེལ་སྲིད་ཇུས་དམིགས་ཡུལ་གྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ཡུན་རིང་མ་འགོར་གོང་།ཀྲུང་གོའི་འགོ་ཁྲིད་པས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་དེར་མཐའ་འཁོར་མཛའ་མཐུན་རྒྱལ་ཁབ་ཀྱིས་ཁས་ལེན་གང་ལེགས་ཐོབ་པ་དང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་རྒྱ་ཆེན་པོ་ཐོབ་ནས་ཀྲུང་གོ་གསར་པའི་ཕྱི་འབྲེལ་གྱིས་ལོ་ངོ་བདུན་ཅུ་ལྷག་གི་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་གྱི་རྨང་གཞིར་གྱུར་ཡོད་ལ། ཀུན་གྱིས་ཁས་ལེན་ཐོབ་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རུ་ཡང་གྱུར་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་གི་དབྱེ་བ་མི་འབྱེད་པར་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།རྒྱལ་ཁབ་སོ་སོའི་མི་དམངས་རང་ཉིད་ཀྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བརྩི་འཇོག་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོ་དང་མཛའ་མཐུན་གྲོགས་པོའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། འདུ་ཤེས་འཛིན་སྟངས་སམ་སྤྱི་ཚོགས་ལམ་ལུགས་ཀྱི་དབྱེ་བ་མི་འབྱེད་པ། རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་མི་བྱེད་པ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ། སྒོ་འབྱེད་འཕེལ་རྒྱས་དང་། མཉམ་ལས་འཕེལ་རྒྱས། མཉམ་རྒྱལ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་འཛམ་གླིང་གི“དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་བགོ་བཤའ་ལེགས་པོ་རྒྱག”པ་དང་། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས། འདི་ནི་ཀྲུང་གོས་རྒྱལ་ཁབ་གཞན་དང་འབྲེལ་བ་ཐག་གཅོད་བྱེད་པའི་གཞི་རྩའི་ལངས་ཕྱོགས་ཡིན།
གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བར་ངེས་པར་དུ་རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་སྐུལ་རེས་བཟང་པོ་ཡོང་བར་སྐུལ་འདེད་བྱས་ཏེ། ཞི་བདེ་མཉམ་གནས་དང་། སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ། དོ་མཉམ་ངང་འཕེལ་རྒྱས་ཡོང་བ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་གནས་སྟངས་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཆེན་པོའི་འབྲེལ་བས་འཛམ་གླིང་གི་གནས་སྟངས་བརྟན་བརླིང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། མཉམ་དུ་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་པའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་གསར་གཏོད་བྱེད་པར་ཐོག་མར་ངེས་པར་དུ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་ཆེན་པོའི་ཞི་བདེ་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཆེན་པོའི་འབྲེལ་བ་གཞི་རྩའི་ཆ་ནས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ།རྒྱལ་ཁབ་ཆེན་པོའི་འབྲེལ་བ་དོ་མཉམ་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་། འཛམ་གླིང་གི་གནས་སྟངས་ཐད་ཆེས་གལ་ཤིན་ཏུ་ཆེ་བ་ཞིག་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རེད། ཀྲུང་གོ་དང་ཨ་རིས་མཉམ་ལས་བྱེད་ཐུབ་མིན་གྱིས་རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་སྒྲིག་ལམ་གྱི་འཕེལ་ཕྱོགས་ཐད་ཀར་ཐག་གཅོད་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་ཆེས་ཆེ་བའི་གནད་དོན་ནི་ཨ་རིས་ཀྲུང་གོར་སྤྱོད་པའི་འཐབ་ཇུས་ལ་ནོར་འཁྲུལ་གྱི་བརྡར་ཤ་བཅད་དེ། ཀྲུང་གོ་འཐབ་ཇུས་གཙོ་བོའི་འགྲན་ཡ་བྱས་ཡོད་པ་ལས་མཉམ་ལས་གྲོགས་པོའི་འབྲེལ་བ་རུ་བརྩིས་མེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་གནས་ལུགས་ཅི་ཡང་མེད་པའི་སྒོ་ནས་མགོ་གནོན་དང་བཀག་འགོག་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད། ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་བྱ་སྤྱོད་ལ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒོལ་ལན་སྤྲོད་ངེས་རེད། ཀྲུང་གོ་དང་ཨ་རིས་ཕན་ཚུན་འགོག་རྒོལ་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ཚང་མར་ཆག་སྒོ་འབྱུང་བ་དོན་དངོས་ལས་ར་སྤྲོད་བྱས་ཡོད།ཀྲུང་གོ་དང་ཨ་རིའི་མཉམ་ལས་གྱིས་འཛམ་གླིང་ཡོངས་ལ་ཁེ་ཕན་སྐྲུན་ཐུབ། ཨུ་རུ་སུ་དང་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ན། ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་ཀྱི་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་སྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་ཆེན་པོ་སོ་སོའི་བར་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ། ཟང་ཟིང་དང་འཕོ་འགྱུར་ཁྲོད་ཀྱི་འཛམ་གླིང་ལ་དྲང་ཕྱོགས་ཀྱི་ནུས་པ་སྩོལ་བ་དང་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་འདོན་སྤྲོད་བྱེད་དགོས།
གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་དུ་གཏོང་བར་ངེས་པར་དུ་ཉེ་བ་དྲང་བ།ཕན་པ།བཟོད་པ་བཞི་ལྡན་དང་། ཁྱིམ་མཚེས་དང་འགྲོགས་བདེ་གཤིབ་བདེ་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་ཡིད་ཆེས་དང་ཁེ་ཕན་གཅིག་འདྲེས་ཟབ་སྤེལ་བྱ་དགོས། མཐའ་འཁོར་ནི་རང་རྒྱལ་གྱི་ཆགས་ས་རྟེན་ས་ཡིན་པས། ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ན་ཐོག་མར་ངེས་པར་དུ་མཐའ་འཁོར་གྱི་བདེ་འཇགས་དང་བརྟན་བརླིང་ལ་འགན་ལེན་ཏན་ཏིག་བྱེད་དགོས། དུས་ཡུན་རིང་བོར་ང་ཚོས་མཐའ་འཁོར་གྱི་འབྲེལ་བ་སྲུང་འཛིན་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མཐའ་འཁོར་གྱི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ། རང་རྒྱལ་དང་མཐའ་འཁོར་རྒྱལ་ཁབ་བར་གྱི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་བཟང་ཞིང་། ཁེ་ཕན་མཉམ་འདྲེས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད།དུས་མཚུངས་སུ་ད་དུང་མཐོང་དགོས་པ་ཞིག་ལ། རང་རྒྱལ་གྱི་མཐའ་འཁོར་དུ་ད་དུང་ཚ་གནད་དང་དཀའ་གནད་ཀྱི་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་དང་དཀྲུག་ཤིང་ཆེན་པོ་བསླངས་ནས་གནམ་འོག་ཟང་ཟིང་དུ་བཏང་བ་དང་། མཐའ་འཁོར་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཧ་ཅང་ལྕི་བས་སྣང་མེད་དུ་གཏན་ནས་འཇོག་མི་རུང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁོར་གྱི་ཕྱི་འབྲེལ་གོ་གནས་ཨང་དང་པོར་བཞག་སྟེ། ཁེ་ཕན་མཉམ་འདྲེས་དང་དམངས་སེམས་གཅིག་མཐུན་ཇེ་ཟབ་ཏུ་བཏང་ནས་མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དུ་བཏང་བ་དང་། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཇེ་ཟབ་དང་དོན་ངོ་མར་སྒྲུབ་དགོས།
གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བར། ངེས་པར་དུ་རྣམ་དག་བདེན་པ་མཛའ་སེམས་ལྷག་བསམ་བཞི་ལྡན་གྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཅངས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་ཤོས་ཡིན་པ་དང་། སྔར་ནས་བཟུང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་བཙན་བརྩོན་ལེན་དང་། བདག་དབང་སྲུང་སྐྱོང་། འཕེལ་རྒྱས་འཚོལ་སྙེག་བྱེད་པའི་བློས་ཐུབ་གྲོགས་པོ་དང་རྣམ་དག་གི་གྲོགས་པོ་ཡིན། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་པ་དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོགས་པོ་ཚོས“རྒྱབ་སྐྱོར”བྱས་པ་ཞིག་རེད། རང་རྒྱལ་འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་ཀྱང་། ནམ་ཡང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེས་བློས་ཐུབ་ཀྱི་སྤུན་ཟླ་དང་གྲོགས་པོ་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་བར་ང་ཚོས་སྔར་བཞིན་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞི་སྲ་བརྟན་གཏོང་དགོས་པ་དང་དེར་ཤུགས་སྣོན་རྒྱག་དགོས་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་དུ་གཏོང་བར་ངེས་པར་དུ་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། དམངས་ཆེན་དང་། སྲིད་གྲོས། དམག་དཔུང་། ས་གནས། དམངས་ཁྲོད་སོགས་ཕྱོགས་སོ་སོའི་ཕྱི་ཕྱོགས་འགྲོ་འོང་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་སྒོ་འབྱེད་ཀྱི་སྲིད་ཏང་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་དོན་དག་རྒྱལ་ཁབ་སོ་སོའི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་པ་དང་། འཛམ་གླིང་ཐོག་གི་དོན་དག་ཚང་མ་ཚང་མས་གྲོས་བསྡུར་བྱས་ནས་བསྒྲུབ་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད། ད་ལྟའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ཐོག་གི་རྒྱལ་ཁབ170ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་600ལྷག་དང་རྣམ་པ་མི་འདྲ་བའི་འབྲེལ་བ་སྲུང་འཛིན་བྱས་ཡོད་པ་དང་། ཐེངས་དུ་མར་རྒྱལ་ཁབ་སོ་སོའི་འདོད་ཚུལ་མི་འདྲ་བའི་སྲིད་ཏང་ཞུགས་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་དང་མཐོ་རིམ་གླེང་མོལ་ཚོགས་འདུ་སོགས་འཚོགས་ཏེ། འཛམ་གླིང་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱིས་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་བར། ང་ཚོས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་བར་གྱི་གླེང་མོལ་དང་། བརྗེ་རེས། མཉམ་ལས་བཅས་ལ་ཤུགས་སྣོན་འདོད་པ་དང་། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།