སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཏང་གི་རང་ངོས་གསར་བརྗེ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད ”ཅེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་ང་ཚོའི་ཏང་ལོ་ངོ་བརྒྱ་བརྒྱུད་ཀྱང་སྔར་བཞིན་ལང་ཚོ་དར་ལ་བབས་པའི་གནས་བབ་མཚོན་པ་དང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེ་རྒྱུན་འཁྱོངས་དང་། ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། རང་གཤིས་མི་འགྱུར་བ་བཅས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་ཆོད་སེམས་གང་ལེགས་སྒོས་མཚོན་པ། ང་ཚོའི་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
དང་པོ། འདི་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་འདི་སྲིད་ཏང་གཞན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་ཡིན་ཞིང་། ཏང་གིས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བ་དང་། ལོ་ངོ་བརྒྱའི་འགྱུར་ལྡོག་བརྒྱུད་ཀྱང་སྔར་ལས་གསོན་ཤུགས་ཀྱིས་ཁེངས་པའི་གྲུབ་འབྲས་ཐོབ་པའི་ཐབས་མཆོག་ཅིག་ཀྱང་ཡིན། སྲིད་ཏང་ཞིག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནི་རང་ཤུགས་སུ་གྲུབ་མི་སྲིད་ལ་རང་འགུལ་གྱིས་ཀྱང་ཐོབ་མི་སྲིད། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ནི་དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་ཞིབ་ལྟ་ནན་མོ་བྱེད་པ་དང་། ནམ་ཡང་ལྷད་མི་འདྲེས་པར་བྱེད་པ། རྒྱུན་མཐུད་ངང་གཤིས་རྒྱུད་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་བློ་རྩེ་ནང་ལ་བསྐོར་བའི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དུས་ཐོག་ཏུ་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་། ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་མེད་པར་བཟོས་ཏེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། ལག་ལེན་གྱི་ནུས་པ། ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་དང་། ཁེ་ཕན་ཚོགས་པ་གང་རུང་ཞིག་དང་དབང་ཤུགས་ཚོགས་པ་གང་རུང་ཞིག དམིགས་བསལ་དབང་ཆ་ལྡན་པའི་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་གྱི་ཚབ་གཏན་ནས་བྱེད་ཀྱིན་མེད་པས། འདི་ནི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་ཡིད་ཆེས་ཀྱི་རྩ་བ་ཡིན། ལོ་ངོ100ལྷག་གི་རིང་ལ། ཏང་གིས་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་རང་ངོས་གསར་བརྗེའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས། གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། གུང་ཁྲན་ཏང་མིའི་ཏང་གཤིས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་པར་བརྟེན། དུས་ནམ་ཡང་ཆབ་སྲིད་ཀྱི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ཆེན་པོ་ལྡན་ཡོད། སྐྱོད་ལམ་གསར་པའི་ཐོག་ ལྷོད་གཡེང་གཏན་ནས་མི་བྱེད་པར་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་གཏོང་བའི་ནད་གཞི་མུ་མཐུད་དུ་གཙང་སེལ་བྱེད་པ། རང་སྟེང་གི་ནད་འགོག་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་ཏང་འདི་ཉིད་ཡུན་རིང་དར་རྒྱས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བར་ཁག་ཐེག་ཏན་ཏིག་བྱེད་ཐུབ།
གཉིས་པ། འདི་ནི་དུས་ཡུན་རིང་པོའི་སྲིད་སྐྱོང་གི་ཆ་རྐྱེན་འོག་ང་ཚོའི་ཏང་ཆེན་པོ་འདི་ལྟ་བུ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་དང་། ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གོང་བཀུར་ཐོབ་པར་ཁག་ཐེག་བྱེད་པའི་རྩ་བའི་ཐབས་ལམ་ཡིན། ང་ཚོའི་ཏང་ནི་འཛམ་གླིང་ཐོག་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཤིག་ཡིན་པས། ཆེ་ན་ཆེ་བའི་ཉམས་ཡོད་དགོས་པ་དང་ཆེ་ན་ཆེ་བའི་དཀའ་ཁག་ཡོད་པ་རེད། ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གོང་བཀུར་ཐོབ་པ་དང་ཡུན་རིང་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཅུག་ནས་རྒྱུན་སྲིང་ལྷོད་མེད་སྒོས་སྤྱོད་སྲོང་སྒྲིག་ནན་དང་། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་སྲོལ་ངན་ཁ་ཤས་བཀག་འགོག་བྱས་པ། ལོ་མང་པོར་སེལ་མ་ཐུབ་པའི་གཅོང་ནད་ཁ་ཤས་ཡོ་བསྲང་བཅས་བྱས་ནས། རང་ངོས་གསར་བརྗེ་ཞེས་པའི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་ལན་གཉིས་པ་འདི་རྙེད་པ་དང་། དེ་དང་མཉམ་དུ་ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་དུ་ངན་རེངས་རང་བཞིན་དང་རྒྱུན་འབྱུང་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་དང་། “ ཉམས་སད་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”དུས་ཡུན་རིང་པོར་གནས་ཡོད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ལྷོད་གཡེང་ངལ་གསོ་དང་ངལ་དུབ་འཐབ་སུན་གྱི་བསམ་ཚུལ་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས་པ་ལག་ལེན་ཁྲོད་ནས་ང་ཚོར་ཡང་ཡང་བསླབ་བྱ་གནང་ཡོད།
གསུམ་པ། འདི་ནི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོར་སྐྱོད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་ཡག་པོར་སྒྲུབ་དགོས་ན། ང་ཚོའི་ཏང་གིས་ངེས་པར་དུ་རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ནས། ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་འདྲེས་ནས་གནས་པ་དང་། འཛམ་གླིང་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དེ་འགྲན་སློང་དྲག་པོར་འཕྲད་པ་དང་། རང་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་མདུན་དུ་གཏིང་རིམ་ཟབ་པའི་འགལ་བ་མི་ཉུང་བ་ཞིག་གནས་ཡོད་པ་དེར་གཡོལ་ཐབས་མེད་ཅིང་། ཕྱི་ནས་ཡོང་བའི་གནོན་ཤུགས་དང་བཀག་འགོག་དེ་དུས་ནམ་ཡང་ཇེ་མང་དུ་འགྲོ་སྲིད། ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཉེ་བཅར་དང་། སྔར་ལས་ཡིད་ཆེས་དང་ནུས་པ་ཆེན་པོ་ལྡན་ཞིང་། དེ་དང་མཉམ་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱེད་པའི་གྲ་སྒྲིག་བྱེད་དགོས་ལ། ངེས་པར་དུ་རླུང་ཆེ་རླབས་དྲགས་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཉམས་སད་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་ཀྱང་བྱེད་དགོས། བཙན་རྫོང་ནི་ནང་ཁུལ་ནས་གཏོར་སླ་བ་ཞིག་ཡིན། ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་བསམ་པའི་ཉམས་འགྱུར་དང་འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་གི་རང་ངོས་གསར་བརྗེ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། རང་ངོས་གཙང་བསྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བསྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ཁྲོད་ང་ཚོའི་ཏང་གིས་ཡུན་རིང་སྲིད་སྐྱོང་གི་འགོ་ཁྲིད་ནུས་པ་དང་ལམ་ལུགས་ཀྱི་དགེ་མཚན་རྒྱུན་ཆད་མེད་པར་གཏོད་ཚེ། གཞི་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན་གྱིས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱ་མཚོར་གཤགས་པ་དང་བརྟན་པོའི་ངང་ཡུན་རིང་དུ་སྐྱོད་པར་ཁྲིད་སྟོན་དང་འགན་ལེན་བྱེད་ཐུབ།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།