དྲི་བ་གོ་དགུ མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་གནས་ས་ཡིན་ཞེས་བརྗོད་དགོས་དོན་ཅི་ཡིན་ནམ།
2023.07.18 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 15

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་ཉག་ཅིག་ཡིན། སྐྱེ་དངོས་ཐམས་ཅད་ལྷན་ཅིག་ཏུ་གསོས་ཀྱང་ཕན་ཚུན་མི་གནོད་པ་དང་མདུན་སྐྱོད་ཀྱི་ལམ་གཅིག་རུང་འགལ་བ་མི་འབྱུང་། རྒྱལ་ཁབ་སོ་སོ་གནམ་འོག་གི་ལམ་ཆེན་ཐོག་སྐྱོད་པ་དང་། འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ། དར་རྒྱས་བྱུང་ན་གཞི་ནས་རྒྱུན་སྲིང་ཐུབ་པ་དང་ད་གཟོད་བདེ་འཇགས་གཞི་ནས་འགན་ལེན་བྱེད་ཐུབ་ཅེས་ནན་བཤད་གནང་ཡོད། རྣམ་བཤད་གལ་ཆེན་འདི་རིམ་པ་རེ་རེ་བཞིན་དུ་སྤེལ་ཞིང་གནད་ལ་འཁེལ་བ་ཞིག་བྱས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདོད་ཚུལ་ཅི་ཡིན་པ་དང་། ཟང་ཟིང་གི་འཕོ་འགྱུར་བྱུང་བའི་འཛམ་གླིང་འདི་འོད་སྟོང་ལྡན་པའི་མ་འོངས་པར་སྐྱོད་པའི་ཡང་དག་པའི་ཁ་ཕྱོགས་ཚན་རིག་དང་མཐུན་པར་གསལ་སྟོན་བྱས་ཡོད།

དེང་གི་འཛམ་གླིང་དུ་མཉམ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། ཚད་རྡུལ་འཁོར་སྐར། མིས་བཟོས་རིག་ནུས་སོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བཞིན་ཡོད་པ་དང་། མིའི་རིགས་ཀྱི་འཚོ་བ་དང་འབྲེལ་བའི་ཆུ་ཚད་སྔར་བྱུང་མྱོང་མེད་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བཞིན་ཡོད། དུས་མཚུངས་སུ། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གྲངས་འབོར་མང་བ་དང་། གཞི་ཁྱོན་ཆེ་བ། ཚད་གཏིང་ཟབ་པ་བཅས་ཀྱང་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། ཟང་ཟིང་གི་འཕོ་འགྱུར་རྒྱུན་རྣམ་དུ་གྱུར་ཡོད། རྣམ་པ་དེ་རིགས་ཀྱི་མདུན་དུ་རྒྱལ་ཁབ་དང་རྒྱལ་ཁབ་གང་འདྲ་བྱས་ནས་མཉམ་གནས་བྱེད་པ་དེ་ཁེ་དབང་བརྩོན་ལེན་དང་། འགྲན་རྩོད་ཚབས་ཆེན། གོ་མཚོན་མཉམ་སྤྲོད་བཅས་ཡིན་ནམ་ཡང་ན་སྒོ་འབྱེད་ཁོང་ཡངས་དང་། དཀའ་ངལ་མཉམ་སེལ། མཉམ་ལས་མཉམ་རྒྱལ་བཅས་ཡིན་པས་གདམ་ག་དེ་གཉིས་ཀྱི་མཇུག་འབྲས་གཏན་ནས་མི་འདྲ། སྔ་མ་དེ་ནི་ཁྱོད་ཤི་ང་གསོན་དང་དམག་འཁྲུག་གི་ཆག་སྒོ་གཅིག་རྗེས་གཉིས་མཐུད། དཔལ་ཡོན་གྱི་གོད་ཆག་ཚབས་ཆེན་བཅས་བྱུང་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད། ཕྱི་མ་དེས“གནམ་འོག་ཁྱིམ་ཚང་གཅིག”གི་འདུ་ཤེས་བཙུགས་ནས། ལྟ་བ་མཁྲེགས་བཟུང་གི་རྣམ་པ་དོར་བ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ཆེད་ཐུན་མོང་གིས་འབད་བརྩོན་བྱེད་དགོས།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་དང་འཛམ་གླིང་ལ་སྤྲད་པའི་ཀྲུང་གོའི་དྲིས་ལན་ཞིག་རེད། དྲིས་ལན་འདི་ནི་ལོ་ངོ5000ལྷག་རིང་གི་ཀྲུང་ཧྭའི་དཔལ་ཡོན་ཁྲོད་རྩ་བ་ཚུགས་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་དམིགས་ཤིང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་རྩ་བའི་ཁ་ཕྱོགས་དང་མཐུན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར།“ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང‘གནམ་འོག་ཁྱིམ་ཚང་གཅིག’ལ་སྣང་ཆེན་བྱེད་པ་དང་། ཡོངས་བྱམས་ཀུན་མཐུན་དང་། རྒྱལ་ཁམས་མཐུན་འགྲིག གནམ་འོག་སྤྱི་མཐུན་གྱི་འདོད་བློ་བཅངས་ཤིང་། བདེན་ལུགས་ལེགས་སྐྱོང་དང་གནམ་འོག་སྤྱི་སྙོམ་གྱི་མཛེས་པའི་འཛམ་གླིང་ལ་ཕུགས་རེ་བཅངས་ཡོད། “འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཚང་མས་ཨ་སྔོན་གཅིག་གི་འོག་འཚོ་བ་རོལ་བཞིན་ཡོད་པ་དང་། ཁྱིམ་གཞིས་གཅིག་ཏུ་གནས་ཡོད་པས་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས‘གནམ་འོག་ཁྱིམ་ཚང་གཅིག’གི་འདུ་ཤེས་བཅངས་ནས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་ལ་རྒྱུས་ལོན་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཐུན་མོང་གིས་འབད་བརྩོན་བྱེད་དགོས”ཞེས་གསུངས་པ་རེད། འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འོད་སྟོང་འཕྲོ་བའི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་ཉག་ཅིག་རེད།

རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་བཞིན་ཡོད་པ་དང་། ཁ་བརྡ་དང་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་དང་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས། ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བཅས་བྱས་ནས་རྒྱུན་སྲིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཧ་ཅང་ཆེ་བ་དང་འགལ་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཁྱད་པར་ནི་ངེས་པར་གནས་པ་ཞིག་ཡིན་པས། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་། རྒྱུ་མཚན་བཤད་ནས་མི་སེམས་འགུག་དགོས་པ་ལས། འཇིགས་སྐུལ་དང་གཞན་ལ་བཙན་སྐུལ་མ་བྱས་ཚེ། འཆམ་མཐུན་དང་བརྟན་བརླིང་ཡོང་ངེས་རེད། མི་གཞན་གྱི་བདེ་འཇགས་མིན་པའི་གནས་བབ་ཁྲོད་རང་ཉིད་ཀྱི་བདེ་འཇགས་དོན་གཉེར་བྱས་ཚེ་ནམ་ཡང་བདེ་འཇགས་ཡོང་མི་སྲིད་པ་དང་། ཚང་མས་བདེ་འཇགས་ནི་གཞི་ནས་བདེ་འཇགས་ངོ་མ་ཡིན་སྲིད། གཞན་གྱི་ཁྲག་དང་རྔུལ་ཆུ་སྤྱད་ནས་རྒྱུ་ནོར་གསོག་འཇོག་བྱས་ན་རྒྱུན་སྐྱོང་མི་ཐུབ་པ་དང་། ཚང་མ་འཕེལ་རྒྱས་བྱུང་ཚེ་གཞི་ནས་རྒྱུན་སྲིང་བྱེད་ཐུབ། དཔལ་ཡོན་དུས་གཏན་དུ་གནས་པ་ཞིག་མིན་ལ་ཚོན་མདོག་གཅིག་མ་གཏོགས་མེད་པ་ཞིག་ནམ་ཡང་ཡོང་མི་སྲིད་པས། དཔལ་ཡོན་གྱི་ཧེ་བག་ལ་བརྩི་འཇོག་དང་དཔལ་ཡོན་གྱི་སྣ་མང་སྲུང་སྐྱོབ་བྱས་ཚེ་གཞི་ནས་སྣ་མང་ཕུན་སུམ་ཚོགས་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཕན་ཚུན་མཛེས་སྡུག་ལྡན་ལ་མཉམ་རྒྱལ་ཡོང་བ་བཅས་བྱེད་ཐུབ། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པ་དང་། རྒྱལ་ཁབ་སོ་སོས་གུ་དོག་པའི་སྒེར་ཕན་དང་ཐབས་ཇུས་སྣ་ཚོགས་དོར་ནས་ཚད་གཞི་གཉིས་མི་འཛིན་པ་དང་། སེམས་གཏིང་ནས་ལྗང་མདོག་ཐཱན་ཉུང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་ན་གཞི་ནས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་ཐུབ།

རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་འཕེལ་རྒྱས་དང་བདེ་འཇགས་ཀྱི་གཅིག་གྱུར་ནུས་ལྡན་དམ་འཛིན་ཡག་པོ་བྱས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱེད་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་ཟླ9ཚེས21ཉིན་བརྙན་ལམ་ནས་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་སྐབས་བཏོན་པ་ཞིག་ཡིན་པས། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཡིན་པས་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ཀུན་ཕན་ཁོང་ཡངས་རྒྱུན་འཁྱོངས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བཅས་བྱས་ནས། བྱ་སྤྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་དོ་སྙོམས་མཐུན་སྦྱོར་གྱི་དུས་མཚམས་གསར་པར་ཐུན་མོང་གིས་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བཏོན་པ་ཞིག་ཡིན་པ་དང་། བརྒྱུད་རིམ་ལྡན་པའི་ངང་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་བདེ་སྡུག་མཉམ་མྱོང་དང་འཛམ་གླིང་གི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་གནང་བ་དང་། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་གཅིག་མཐུན་ཚོགས་པ་ཞིག་ཡིན་པས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དེ་འདུ་ཤེས་ཀྱི་ཁྲིད་སྟོན་དུ་བྱས་ཏེ། ཕན་ཚུན་བརྩི་འཇོག་བྱ་རྒྱུ་དེ་གཞི་འཛིན་སར་བྱེད་པ་དང་། གྲོས་འགོ་དེ་གཉིས་ཀ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། འཛམ་གླིང་གི་དྲང་བདེན་སྟོབས་ཤུགས་མཐའ་དག་དང་མཉམ་འབྲེལ་བྱས་ནས་གྲོས་འགོ་ཆེན་པོ་དེ་གཉིས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།

རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ཞི་བདེ་དང་འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ། དཔལ་ཡོན་བརྗེ་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་ཟླ་ལས་བརྒལ་བ་དང་། དཔལ་ཡོན་གྱི་གདོང་ཐུག་ལས་བརྒལ་བ། དཔལ་ཡོན་མཉམ་གནས་ལ་བརྟེན་ནས་དཔལ་ཡོན་གྱི་ཁྱད་སྟོབས་ལས་བརྒལ་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲན་སློང་སྣ་ཚོགས་ལ་ཐུན་མོང་གིས་ཁ་གཏད་འཇལ་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཐོག་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་ཡར་ཐོན་གྱི་འདུ་ཤེས་མཚོན་པ་དང་། རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། དཔལ་ཡོན་མི་འདྲ་བ་བཅས་ཀྱི་རིན་ཐང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ། འདུ་ཤེས་འཛིན་སྟངས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་ཆུ་ཚད་བཅས་ཀྱི་ཧེ་བག་ཆེན་པོ་ལས་སྒྲོལ་བ། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་ཁྲིད་སྟོན་བྱ་ཆེད་རིན་ཐང་གི་གཞི་འཛིན་ས་འདོན་སྤྲོད་བྱས་པས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཉིན་རེ་བཞིན་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།