སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས།
2023.07.19 ཁུངས། ཀྲུང་གོའི་བོད་ལྗོངས་ཉིན་རེའི་ཚགས་པར ཀློག་གྲངས། 20

 བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

“རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པས་ལག་ལེན་ལ་མཐོང་ཆེན་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་ལས་སྒྲུབ་ཀྱི་ཁྲིད་ཕྱོགས་ལེགས་བཅོས་དང་། ལས་སྒྲུབ་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱེད་དགོས”ཞེས་ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་གཟིགས་ཞིབ་གནང་སྐབས་དེ་ལྟར་གསུངས་ཤིང་། ཁོང་གིས“སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བར”བླང་བྱ་གསལ་བོ་བཏོན་པར་མ་ཟད། “མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་པ”དང་། “ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས་པ” །    “དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་པ”བཅས་ནན་བཤད་གནང་ཡོད།

སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བར་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེ་བའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་དངོས་གནས་རྟོགས་པར་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དེའི་ནང་འདུས་པའི་འགོ་ཁྲིད་ཀྱི་བྱེད་ཐབས་དང་། བསམ་བློའི་བྱེད་ཐབས།  བྱ་བའི་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་དང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་ལ་ལྟ་ཞིབ་བྱེད་པ། དུས་རབས་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ལ་སྣེ་ཁྲིད་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་བསྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། ལས་གནས་ལ་གཞིགས་ནས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བར། སྔོན་ལ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་ཁོངས་སུ་གཏོགས་པའི་རང་བཞིན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན། དེ་བས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ངེས་པར་དུ་མི་དམངས་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱེད་པ”སོགས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། “མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་སྐྱོང་བྱས་འབྲས་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་ནས། ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ངེས་པར་དུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་ཆེད་དུ་བྱ་བ་བཟང་བོ་སྒྲུབ་པ་དང་བྱ་བ་དངོས་ཇི་ཙམ་སྒྲུབ་པ་དེ་སྲིད་སྐྱོང་བྱས་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་བཞག་ངང་མི་དམངས་ཡོངས་ལ་ཁྱབ་པར་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གིས་བསྐྲུན་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཡིན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་ལེགས་གཏོང་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྔར་ལས་སྤྱི་འདོམས་བཅས་བྱས་ཚེ། གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པར་མ་ཟད། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་བརླིང་རང་བཞིན་སྲ་བརྟན་དུ་གཏོང་ཐུབ་ལ། རང་རྒྱལ་གྱི་འཚོ་བཞུགས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཀྱང་ཆེ་རུ་གཏོང་ཐུབ།

བྱས་འབྲས་ཚང་མ་ནི་སྒྲུབ་པ་ལས་བྱུང་བ་ཞིག་ཡིན། བྱ་བ་ཏན་ཏིག་གིས་བསྒྲུབས་ཚེ། གཞི་ནས་གྲུབ་འབྲས་ཐོན་ཐུབ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་ངེས་པར་དུ“བྱེད་ཐབས་ངོ་མ་སྤྱད་ནས་ཕན་འབྲས་དངོས་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས”ཕྱི་མཛེས་ནང་སྟོང་དང་། མགོ་བདེ་སྐབས་འཚོལ།  གཞི་གྲངས་རྫུན་བཟོ་བཅས་བྱེད་མི་རུང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་། དངོས་ཕན་དོན་གཉེར། ལས་དོན་སྒྲུབ་མཁས་པ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་འགན་འཁྲི་འཁུར་ལེན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་ཁུར་ཏེ། ཕྱི་ཚུལ་ཙམ་གྱི་སྣང་ཚུལ་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློའི་རྣམ་པ་ཡོད་དགོས་པ་ལས། མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པའི་སྲིད་སྐྱོང་བྱས་འབྲས་ཀྱི་བཟོ་འགོད་མི་གཉེར་བར་བྱས་རྗེས་དེང་འདིར་འཇོག་པ་དང་། ཕན་འབྲས་སྐལ་བརྒྱར་ཐོན་པ། བུ་རབས་ཚ་རྒྱུད་ལ་ཕན་པའི་བྱ་བ་བཅས་མང་ཙམ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་རྒྱུན་འཁྱོངས་བྱེད་དགོས། ཁ་བཤད་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ལས།  ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཡུན་རིང་གི་ལས་འགན་ཐད་འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་དང་འཆར་གཞི་ལྟར་ལས་དོན་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས་སྙིང་རུས་གཏན་འཁྱོངས་བྱེད་དགོས། མངོན་ཆུང་གྲུབ་འབྲས་དང་མངོན་ཆེའི་གྲུབ་འབྲས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་མངོན་ཆེའི་གྲུབ་འབྲས་ཐོབ་པར་བྱེད་དགོས་ལ། མངོན་ཆུང་གྲུབ་འབྲས་ཀྱང་ཐོབ་པར་བྱེད་པ་ལས་འཕྲལ་བདེ་འཕྲལ་ཕན་དང་དམངས་ངལ་རྒྱུ་ཟད་བཅས་མི་བྱེད་པར། ཏན་ཏན་ཏིག་ཏིག་གི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས།

རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པར་འབད་པ་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ཞུན་བརྡར་དང་ལག་ལེན་ལ་མཛུབ་སྟོན།  ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་ཤུགས་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཚེ། ང་ཚོས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བཏོད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་ཐུབ་ངེས་ཡིན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།