སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད”ཅེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཁྲོད་ཀྱི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་གསལ་བོ་བྱས་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་གཅིག་གྱུར་དང་། ཆབ་སྲིད་ཐོག་མཐུན་སྒྲིལ་བྱེད་པ། བྱ་སྤྱོད་ཐོག་གཅིག་མཐུན་བཅས་ཡོང་བར་ཕན་ཐོགས་ཡོད་པས། ང་ཚོས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བར་ཁག་ཐེག་བྱས་ཡོད།
དང་པོ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་ནི་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་གསལ་པོར་བསྟན་ཡོད། ཏང་གི་སྒྲིག་ཡིག་ནང“ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་བའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན”ཞེས་བསྟན་ཡོད། རྩ་ཁྲིམས་ནང“སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན”ཞེས་གཏན་འབེབས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་དབང་གི་སྒྲིག་སྲོལ་ལ་རག་ལས་ཡོད། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན་ཞིང་། ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་ཡིན་པས། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་གནས་བབ་བཟུང་ཡོད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་ན་རྒྱལ་ཡོངས་མི་དམངས་ལ་གཞི་ནས་སྲོག་ཤིང་ཡོད་པ་དང་། ཏང་གིས་འགོ་ཁྲིད་ཡག་པོ་བྱེད་ཐུབ་ན་རྒྱལ་ཁབ་གཞི་ནས་ཡག་པོ་ཡོང་ཐུབ་ལ། མི་དམངས་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་། མི་རིགས་གཞི་ནས་ཡག་པོ་ཡོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེ་ཤོས་ཡིན་པས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ན། ད་གཟོད་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་བའི་ཐོག་ནས་བརྗོད་ན་ངེས་པར་དུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་དགོས་པ་དང་། ཏང་ལ་བརྟེན་ནས་ཁ་ཕྱོགས་བསྒྱུར་རྒྱུ་དམ་འཛིན་ལེགས་པོ་བྱེད་པ་དང་མཐུན་སྒྲིལ་ལ་བརྟེན་ནས་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
གཉིས་པ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་ལྗིད་པོ་འཁུར་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང1921ལོར་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་གྱི་ལས་འགན་དུ་བརྩིས་ནས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་གསར་པ་སྟོབས་འབྱོར་མངའ་ཐང་ལྡན་པར་འགྱུར་མི་ཐུབ་པ་ལོ་རྒྱུས་ལས་ར་སྤྲོད་བྱུང་ཡོད། ལོ་ངོ་100ལྷག་ཙམ་གྱི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བཅས་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ལ། ཉེན་ཁ་དང་འགྲན་སློང་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུའི་སྟེང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་གི་ལྡོག་མེད་ཀྱི་གཏན་ཚིགས་ལ་རག་ལས་ཡོད།
གསུམ་པ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ད་ལྟ། ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་སྔར་ལས་ཉེ་བར་བཅར་བ་དང་། སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཡོད། འོན་ཀྱང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་རྒྱུ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པ་དང་། མདུན་སྐྱོད་ཀྱི་ལམ་བུའི་སྟེང་སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་གནས་པས། ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱ་དགོས་པ་དང་། ཀྱག་ཀྱོག་གི་བརྒྱུད་ལམ་དང་དཀའ་ངལ་ག་ཚོད་སྒྲོལ་དགོས་པ་དང་། ཆར་རླུང་ག་ཚོད་བརྒྱུད་དགོས་པ། དཀའ་སྡུག་དང་བར་ཆད་ག་ཚོད་ཁྱད་བསད་བྱ་དགོས་པ་བཅས་ད་དུང་དཔོག་དཀའ་བ་ཞིག་རེད། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱ་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད་པས། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱས་ཏེ། ཏང་ཡོན་ཡོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ལོ་རྒྱུས་དང་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་དོན། ཀྲུང་གོ་རུ་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཕྱོགས་ཡོངས་གཉིས་གཅིག་གྱུར་འཆར་འགོད་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་ཐུབ་པ། རླབས་ཆེན་གྱི་རྒྱལ་ཁ་ནས་འབད་འབུངས་སྟོབས་ཤུགས་སྐུལ་སློང་བྱེད་ཐུབ་པ། ཀྱག་ཀྱོག་གི་ལམ་བུའི་ཁྲོད་ནས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱེད་ཐུབ་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཉེན་ཁ་གང་རུང་ལ་མི་སྐྲག་པ་དང་། འགོག་རྐྱེན་གང་རུང་གི་དབང་དུ་མི་ཚུད་པ། རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་བྱུང་བ། བརྩོན་པའི་རྒྱུན་མ་ལྷོད་པར་ལྷོད་གཡེང་སྤུ་ཙམ་མི་བྱེད་པ། ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།