ཉེ་ལམ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་མ་འོངས་པའི་ལོ་ལྔ་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་གོ་གནས་གལ་ཆེན་ཐོག་འཇོག་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས། གསར་སྐྲུན་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ལས་དོན་སྤེལ་བའི་ཆོད་སེམས་ཆེ་བ་དང་། སྤེལ་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་ཕྱོགས་ཚང་མར་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བརྩམས་སྟེ། གཙོ་གནད་དང་ཁྱོན་ཡོངས་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ལ་མཐོང་ཆེན་བྱས་པས། གཙོ་གནད་བཅོས་སྒྲིག་བྱེད་པ་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འདུ་ཤེས་སྒྱུར་བ་དང་འགན་འཁྲི་གཟབ་ནན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། གཞན་འགུལ་དུ་ཁ་གཏད་འཇལ་བ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེགས་པ་དང་མིག་རྒྱང་འཛམ་གླིང་ལ་ཕྱོགས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་མཁན་ནས་སྣེ་ཁྲིད་མཁན་བར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། སྐྱེ་ཁམས་ དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བྱུང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གྲུབ་པས། ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་པའི་བར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་ནམ་མཁའ་སྔར་ལས་གཡའ་དག་པ་དང་། ས་གཞི་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་བ་བཅས་བྱུང་ནས་ལེ་བར་ཁྲི་ཡི་རི་ཀླུང་སྔར་ལས་བཀྲག་མདངས་འཚེར་བར་གྱུར་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མངོན་གསལ་དོད་པའི་མཚོན་རྟགས་སུ་གྱུར་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཆའི་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་གྱུར་མེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་མགྱོགས་མྱུར་ངང་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་ཕྱོགས་སུ་སྐྱོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། སྐྱེ་ཁམས་ དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་སྔར་བཞིན་གནོན་ཤུགས་ཆེ་བ་དང་ཁུར་ལེན་མདུན་སྐྱོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་ལངས་གནས་སྔར་ལས་མཐོ་བ་དང་། མིག་རྒྱང་སྔར་ལས་རིང་བ། སྤེལ་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་སྐྱོད་ལམ་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་། མིག་སྔར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་ཡང་དག་བྱེད་དགོས་པ་སྟེ། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡིན་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་ཧུར་ཐག་གིས་བསྐྲུན་པ། འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོན་ཁུངས་དང་ཁོར་ཡུག་གི་རིན་དོད་ཧུར་ཐག་གིས་ཇེ་དམའ་རུ་གཏོང་བ། འཕེལ་རྒྱས་ཀྱི་རྟིང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནི་གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་བར་གྱི་འབྲེལ་བ་ཡིན་ཞིང་། མ་ལག་གི་ལྟ་བ་རྒྱུ་འཁྱོངས་བྱས་ཏེ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་བྱེད་ཐབས་ནུས་ལྡན་སྤྱོད་དགོས་པ་དང་མཉམ་དུ་དམིགས་ཚད་མཐུན་སྦྱོར་དང་། སྦགས་བཙོག་མང་བའི་དངོས་པོ་ཚོད་འཛིན་བྱེད་པར་མཐུན་སྦྱོར། སྡེ་ཚན་བར་མཐུན་སྦྱོར། ས་ཁོངས་བར་མཐུན་སྦྱོར། སྲིད་ཇུས་ཐད་ནས་མཐུན་སྦྱོར་བཅས་ལ་ཤུགས་སྣོན་བྱས་ཏེ། ལས་དོན་སྣ་ཚོགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནི་རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་ཉམས་གསོའི་བར་གྱི་འབྲེལ་བ་ཡིན་ཞིང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོབ་བཅོས་སྐྱོང་གི་རྣམ་པ་ཆེན་པོ་བསྐྲུན་པ་དང་། རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་ཉམས་གསོའི་བྱེད་ཐབས་གཉིས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། ཡུལ་བབ་དང་བསྟུན་པ་དང་ཁུལ་དབྱེ་རིགས་དབྱེའི་སྲིད་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་ལེགས་པོ་བྱེད་དགོས། བཞི་ནི་ཕྱི་རོལ་གྱི་ཚོད་འཛིན་དང་ནང་ངོས་ཀྱི་སྒུལ་ཤུགས་བར་གྱི་འབྲེལ་བ་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ནན་མོ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་དང་ཕྱི་རོལ་གྱི་གནོན་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་ཆབས་ཅིག སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ལྔ་ནི“ཐཱན་གཉིས”ཁས་ལེན་དང་རང་བརྟེན་བྱ་སྤྱོད་བར་གྱི་འབྲེལ་བ་ཡིན་ཞིང་། ང་ཚོས་ཁས་ལེན་བྱས་པའི“ཐཱན་གཉིས”དམིགས་འབེན་ནི་འགྱུར་མེད་གཏན་འཁེལ་ཞིག་ཡིན་མོད། འོན་ཀྱང་དམིགས་འབེན་འདི་སྒྲུབ་པའི་ཐབས་ལམ་དང་། སྒྲུབ་སྟངས། འཕེལ་རིམ། སྤེལ་ཤུགས་བཅས་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་མི་གཞན་གྱི་གང་བཤད་ལ་ཉན་མི་རུང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་དགོས་ཤིང་། སྦགས་བཙོག་གནད་སྨིན་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། ཁྲིམས་ལྟར་འགོག་བཅོས་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤེལ་ཤུགས་རྒྱུན་འཁྱོངས་བྱེད་པ། གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེ་རུ་གཏོང་བ། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས་པ་དང་། འཕེལ་རྒྱས་གཏོང་སྟངས་དེ་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཤིང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ལ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ངང་ཆགས་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རང་མདངས་ཆེ་རུ་གཏོང་དགོས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཧུར་ཐག་གིས་ཆེ་རུ་བཏང་ནས་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྔོ་ཞིང་དྭངས་བའི་རི་ཆུ་དེ་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བའི་སྐྱེ་ཁམས་ཁོར་ཡུག་ཅིག་བསྐྲུན་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཡོངས་སུ་སྤྱི་འདོམས་དང་། སྔོན་ལ་གྲོན་ཆུང་། ཕྱོགས་གཉིས་ལ་འདེད་སྐུལ། ཕྱི་ནང་ཤར་བགྲོད། ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ཀྱི་སྲིད་ཇུས་མ་ལག་དོན་འཁྱོལ་ཡག་པོ་བྱེད་པ། དག་གཙང་དང་ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་སྐྲུན་པ། གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་ངང་སྐྲུན་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ། སྐྱེ་ཁམས་བདེ་འཇགས་དང་། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་སོགས་ལ་སྲུང་སྐྱོབ་ཏན་ཏིག་བཅས་བྱས་ཏེ། ང་ཚོ་འཚོ་སྡོད་བྱེད་ས་དང་འཕེལ་རྒྱས་འབྱུང་སའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ལ་འཇིགས་སྐུལ་དང་གཏོར་བརླག་མི་ཐེབས་པའི་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྱབ་ཁོངས་སོ་སོའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་སྐྱོང་དང་ཁྲོམ་ར། ཚན་རྩལ། སྲིད་ཇུས་བཅས་ཀྱི་སྣ་མང་ཐབས་ཇུས་ཡག་པོ་སྤྱོད་དགོས། ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་ལུགས་བཟོ་བཅོས་གཏན་འབེབས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་སྟེང་ས་འོག་དང་། སྐམ་མཚོར་སྤྱི་འདོམས། ས་ཁོངས་མཉམ་འགུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལམ་ལུགས་ནན་མོ་ལག་བསྟར་བྱེད་པ། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་ལམ་ལུགས་དང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁོངས་ས་ཁོངས་བར་སྟོང་གི་སྤྱོད་སྒོའི་རྩིས་སྤྲོད་དོ་དམ་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དཔལ་འབྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། ཁྲལ་བསྡུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར། དངུལ་རྩའི་རྒྱབ་སྐྱོར། རིན་གོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། ནུས་ལྡན་གྱི་ཁྲོམ་ར་དང་ནུས་ཕྱོད་ཀྱི་སྲིད་གཞུང་སྔར་ལས་ལེགས་པའི་ངང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཐཱན་འབུད་དབང་དང་། ནུས་རྒྱུ་སྤྱོད་དབང་། ཆུ་སྤྱོད་དབང་། བཙོག་སྙིགས་འབུད་དབང་སོགས་ཐོན་ཁུངས་ཁོར་ཡུག་གི་གཞི་རྒྱུ་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཀྱི་སྤྱིའི་འཆར་གཞིའི་ཁྲོད་བཅུག་ནས་ནང་བཤུག་དང་། བརྒྱུད་བཤུག གཏའ་མ་འཇོག་པ། མ་རྐང་འཇོག་པ་སོགས་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་འཛུགས་པ། ཁོར་ཡུག་བཅོས་སྐྱོང་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་དང་ཁོར་ཡུག་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་པ་དང་སྦགས་བཙོག་དངོས་པོ་གསར་པ་འགོག་བཅོས་བྱེད་པ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་སུ་བརྩི་བ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་གསར་སྐྲུན་གྱི་བྱ་སྤྱོད་གལ་ཆེན་ལག་བསྟར་བྱེད་པ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་འཇོན་མིའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་པ། མིའི་ཐབས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ། མཛེས་སྡུག་གི་ཀྲུང་གོའི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་མ་ལག་སྐྲུན་པ་བཅས་བྱས་ནས། ལྗང་མདོག་རིག་ལྡན་གྱི་གྲངས་འཛིན་གྱི་སྐྱེ་ཁམས་དཔལ་ཡོན་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱེད་རྒྱུ་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མུ་མཐུད་དུ་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུད་དང་སྲིད་གཞུང་གིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ཞིབ་འཇུག་དང་བཟོ་བར་དམ་འཛིན་ནན་མོ་བྱས་ནས། ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་མཐུན། བྱ་དགའ་ཆད་གཅོད་ཁ་གསལ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་འཛུགས་དགོས། འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་བགོས་འགན་འཁུར་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བཅའ་ཁྲིམས་ལག་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་ཀྱི་རལ་གྲི་རྣོན་པོ་ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།