དྲི་བ་བརྒྱ་དང་གཉིས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་དོན་ཅི་ཡིན་ནམ།
2023.07.25 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 10

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་ནི་ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གྲུབ་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་གྱི་གྲས་ཤིག་ཡིན་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་དགོས།

དང་པོ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཡིན། ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གི་དོན་ཚན་དང་པོ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། འཛམ་གླིང་སྟེང་གི་ང་ཚོའི་ཆེས་ཆེ་བའི་སྲིད་འཛིན་ཏང་དང་མི་གྲངས་ཆེས་མང་པོའི་རྒྱལ་ཁབ་འདིར་བཅོས་སྐྱོང་ཡག་པོ་བྱེད་པར། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཇུས་གཞིའི་ཁྲོད། ཏང་ཀྲུང་དབྱང་ནི་དངོས་སུ་ཁྱོན་ཡོངས་ལ་བཀོད་འདོམས་བྱེད་པའི་དམག་སྤྱི་ལྟ་བུ་ཡིན་ལ། དམག་དཔུང་སོ་སོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ན། ཁྱོན་ཡོངས་ཀྱི་ནུས་པ་དབྱེ་འབྱེད་གསལ་བོ་བྱེད་ཐུབ”ཅེས་གསུངས་པ་ལྟར་རེད། བྱ་བ་ཕྱོགས་བཞིར་ཡོད་ཀྱང་གཙོ་གནད་ཀྲུང་དབྱང་དུ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པའི་གཞི་འཛིན་ས་དང་རྨང་གཞི་རེད། ཏང་ཀྲུང་དབྱང་གི་དབང་གྲགས་གང་དུ་མངོན་གྱིན་ཡོད་དམ། ཐོག་མར་ཏང་ཀྲུང་དབྱང་གིས་བཤད་པའི་སྐད་ཆ་ཚིག་ཐོག་ཏུ་གནས་ཐུབ་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཆད་ལུས་མེད་པར་ལག་ལེན་མཐར་ཕྱིན་བྱེད་ཐུབ་པའི་སྟེང་ནས་མཚོན་ཡོད། གལ་ཏེ་ཏང་ཀྲུང་དབྱང་ལ་དབང་གྲགས་མེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་གང་འདོད་ལྟར་ལག་ལེན་མ་བྱས་ན་ཆོག་པ་དང་། ཚང་མས་རང་ཐག་རང་གཅོད་དང་། རང་འདོད་རང་སྒྲུབ། ཅི་སྒྲུབ་འདོད་ན་དེ་ལྟར་སྒྲུབ་པ། སྒྲུབ་འདོད་མེད་ན་དེ་མི་སྒྲུབ་པ་བྱས་ཚེ། ཏང་འདི་སྲན་ཕུང་ཐོར་བ་ལྟ་བུར་འགྱུར་བ་དང་། རང་འདོད་ལྟར་སྒྲུབ་པའི“སྒེར་གྱི་སྤྲོ་སྐྱིད་ཁང”ལྟ་བུ་ཞིག་ཏུ་འགྱུར་སྲིད་ལ། ཏང་གི་འགོ་ཁྲིད་ནི་སྟོང་བཤད་ཅིག་ཏུ་འགྱུར་སྲིད།

གཉིས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པར་འཐུས་སྒོ་ཚང་བའི་ལམ་སྲོལ་ཆ་ཚང་ཡོད་མོད། འོན་ཀྱང་ཧེ་བག་དང་མི་འདང་བའི་ཆ་ཡང་ཡོད་པས་ངེས་པར་དུ་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་ཏང་ཡོངས་ཀྱི་བློ་མཐུན་ཚང་མར་ཚད་མཐོའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་ཡོད་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོར་བརྩིས་ནས། ཏང་ནང་གི་ཁྲིམས་སྲོལ་གལ་ཆེན་ཁག་གཅིག་རིམ་བཞིན་བཟོས་པའམ་བཟོ་བཅོས་བརྒྱབ་སྟེ། ལམ་ལུགས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྔར་ལས་འགྱུར་མེད་སྟོབས་ལྡན་ཡོང་བའི་འགན་ལེན་བྱས་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཀོད་སྒྲིག་ཉུང་ཙམ་དང་དོན་འཁྱོལ་མང་ཙམ་བྱེད་དགོས་”ཞེས་ནན་བཤད་ཡང་ཡང་གནང་ཡོད་པས། གཟེར་བརྡབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་ལས་བགོས་དང་། སྐུལ་འདེད་དང་ཞིབ་བཤེར། གནས་ཚུལ་བརྡ་ཁྱབ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་མོ་དང་ཕན་འབྲས་ཐོན་པར་དམ་འཛིན་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད། ས་གནས་དང་སྡེ་ཁག་ཁ་ཤས་སུ་སྔར་བཞིན་དོ་སྣང་མི་བྱེད་པ་དང་། བཟོ་ལྟ་སྟོན་པ། གདམ་ག་བྱེད་པ། བབ་བསྟུན་བྱེད་པ། སྟོང་གཏམ་གྱིས་རྣམ་འགྱུར་སྟོན་པ། གཡོ་ཟོལ་སླ་བཅོས་བྱེད་པ། བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ། བཀག་ཀྱང་མི་ཉན་པ། མི་བདེན་རྫུན་སྒྲིག་བྱེད་པ། མངོན་སྲུང་ལྐོག་འགལ་སོགས་ཀྱི་གནད་དོན་གནས་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་མཛེས་སྡུག་ལྡན་པའི་འཆར་འགོད་དེ་དོན་དངོས་སུ་བསྒྱུར་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པས། ལག་ལེན་ཁྲོད་དུ་དོན་འཁྱོལ་དམ་འཛིན་བྱ་དགོས།

གསུམ་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྔར་ལས་ལྷག་པར་སྲུང་སྐྱོང་བྱ་རྒྱུར་དམིགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ནི་དོན་ཚན་གསུམ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་གཏོང་དང་དོན་དངོས་ལ་གཞི་ཚུགས་ཏེ་གསར་སྐྲུན་རང་བཞིན་གྱི་ལས་དོན་སྒྲུབ་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཏང་གི་འདོད་ཚུལ་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རང་འགུལ་ངང་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་སྲིད་བཀའ་རུ་སྒྱུར་བ། འགོ་ཁྲིད་ལམ་ལུགས་དང་། བྱ་བའི་ལམ་སྲོལ། དོ་དམ་བྱེད་སྟངས་བཅས་གསར་སྐྲུན་བྱ་རྒྱུར་སྒྱུར་བ་བཅས་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས། གཉིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་གསལ་ཐོ་བཟོ་བ་དང་། སྡེ་ཁག་གི་མི་མཐུན་པའི་ཆ་སེལ་བ། འགག་གནད་སེལ་བ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་བ”དང་། སྙན་ཞུ་དང་བརྡ་ཁྱབ་ལམ་ལུགས་བཙུགས་ཏེ་དུས་བཀག་ལྟར་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། དངོས་གནས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐབས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། ཏང་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་དང་གང་གསུང་དེ་སྒྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།