རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོ་རི་ཞོལ་མ་སྡེ་བ་དེ་རི་ཁུལ་དུ་གནས་པ་དང་ཆ་སྙོམས་མཚོ་འཕང་སྨི2970དང་། རྨོ་ཞིང་གི་རྒྱ་ཁྱོན་མུའུ་5593ཡོད། མི་རེར་ཆ་སྙོམས་རྨོ་ཞིང་མུའུ5ལས་མེད། ལོ་འགའི་སྔོན་ལ་ན་གཞོན་མང་པོ་ཞིག་ཞོར་ལས་ལ་སོང་བས། ས་ཞིང་མི་ཉུང་བ་ཞིག་འདེབས་མཁན་མེད་པར་ལུས་ཡོད།
2021ལོར་ཐུན་རིན་གྲོང་ཁྱེར་གྱིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་པས། རི་ཞོལ་མ་སྡེ་བས་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་ས་ཡ་དྲུག་བརྩོན་ལེན་བྱས་ནས། ཤུགས་ཆེན་པོས་གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས། གཟན་རྩྭ་གྲབས་གསོག་མཛོད་ཁང་དང་། སྒྲིག་ཆས་གྲབས་གསོག་མཛོད་ཁང་། དེ་མིན་མ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་བཅས་རེ་རེ་བཞིན་འཛུགས་སྐྲུན་བྱས་པས་འདེབས་འཛུགས་དང་ ལས་སྣོན། བྲིན་ཚོང་། གྲབས་གསོག་བཅས་གཞི་གཅིག་ཅན་དང་། འཕྲུལ་ཆས་ཅན། གཞི་ཁྱོན་ཅན་མངོན་འགྱུར་བྱུང་ཡོད། ཐོན་ལས་གསར་པ་འཕེལ་རྒྱས་སོང་པ་ལས་ཞིང་པ་རྣམས་ཞིང་ནང་དུ་ལས་ལ་བྲེལ་བཞིན་འདུག
ཐོན་ལས་ཀྱི་ལམ་བུ་རྒྱུན་ཆད་མེད་པར་ཆེ་རུ་སོང་བས་རི་ཞོལ་མ་སྡེ་བའི་སྡེ་མི་ཚོ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་ལ་རེ་བས་ཁེངས་ཡོད།
2022ལོར་ཐུན་རིན་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་འབྲེལ་གཏུག་བྱས་ནས་རོགས་རམ་ཐོབ་པར་བརྩོན་ལེན་བྱས་ཤིང་། ས་གནས་དེར་གཟན་རྩྭ་འདེབས་འཛུགས་ཀྱི་ཉམས་མྱོང་མེད་ལ་ལག་རྩལ་དཀོན་པ་དང་ལྷག་པར་དུ་གཟན་རྩྭ་འདེབས་འཛུགས་དང་། ཐོན་རྫས་ལས་སྣོན། ཐོན་འབོར་སྤུས་ཚད་སོགས་ཀྱི་ཐད་རིགས་གཅིག་མཁས་ཅན་གྱི་མཛུབ་སྟོན་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྗེས། ཚན་རྩལ་ཆེད་མངགས་པས་ས་གནས་དེའི་གཟན་རྩྭའི་རིགས་ལ་བརྟག་དཔྱད་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་སྤུས་ལེགས་ཡུག་པོའི་སྣ་ཁ16ནང་འདྲེན་བྱས་ནས་རི་ཞོལ་མ་སྡེ་བར་ཡུག་པོ་འདེབས་པའི་ཚོད་ལྟ་བྱས་ཤིང་། ས་གནས་དེ་གར་འཚམ་པའི་ཐོན་འབབ་མཐོ་བ་དང་། ཚི་སྣའི་སྤུས་ཚད་ལེགས་པ། སྤྲི་དཀར་མང་བ་བཅས་ཀྱི་སྤུས་ལེགས་ཡུག་པོའི་སྣ་ཁ་བདམས་པ་རེད།
སོན་གསར་ཁྱབ་གདལ་བཏང་བར་བརྟེན་དགུན་ཁ་ཕྱུགས་རིགས་ཀྱི་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད། རང་བྱུང་རྩྭ་རའི་གནོན་ཤུགས་ཇེ་ཆུང་དུ་སོང་བ་དང་ཆབས་ཅིག་འབྲོག་པའི་ཡོང་འབབ་ཇེ་མང་དུ་སོང་ནས་རྩྭ་ཕྱུགས་དོ་སྙོམས་ཐད་ནུས་པ་གལ་ཆེན་ཐོན་ཡོད།
སྔོན་ཆད་སྡེ་མི་ཤ་བོ་རྒྱལ་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་ཞོར་ལས་བྱས་ནས་བསྡད་ཡོད་པས་ཁྱིམ་མི་དང་མཉམ་འཛོམས་ཀྱི་དུས་ཡུན་ཐུང་བ་རེད། ད་ལྟ་ཕ་ཡུལ་དུ་ལོག་ནས་ལས་ཀ་བརྟན་པོ་ཞིག་བཙལ་ཏེ་ཁྱིམ་མི་དང་མཉམ་འཛོམས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།
ད་ལོར་སྡེ་མི་ཚོས་གཞི་ཁྱོན་ཅན་གྱི་གཟན་རྩྭ་དང་ཡུག་པོ་འདེབས་འཛུགས་བྱས་པ་དང་སྲིད་ཇུས་ཐད་ནས་ཀྱང་རོགས་རམ་ཡོད་པ་ཤེས་རྗེས། ཤ་བོ་རྒྱལ་ས་གཞན་དུ་ཞོར་ལས་ལ་འགྲོ་མཚམས་བཞག་སྟེ། སྡེ་བའི་མཉམ་ལས་ཁང་དུ་མ་རྐང་བཞག་ནས་གཟན་རྩྭ་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་པ་རེད། ཤ་བོ་རྒྱལ་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། ད་ལྟ་ཕྱིར་ཞོར་ལས་ལ་འགྲོ་མི་དགོས་པར་མ་ཟད་ཁྱིམ་མིར་ཡང་ལྟ་རྟོག་བྱེད་ཐུབ་ལ། ཉིན་རེར་གླ་ཕོགས་སྒོར150ཡོད་པས་ལོ་གཅིག་ལ་སྒོར་ཁྲི5ལྷག་གི་ཡོང་འབབ་ཡོད་ཟེར།
རི་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འབྲུག་རྒྱལ་མཁར་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་འབད་བརྩོན་བྱས་པ་བརྒྱུད། རི་ཞོལ་མ་སྡེ་བའི་སྡེ་མི་ཚོས་ཡུག་པོའི་སྣ་ཁ་གསར་པ་དེར་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་ལ། ད་ལྟ་སྡེ་མི་ཚང་མ་དེའི་ནང་ཞུགས་ཡོད་པ་དང་ཞོར་ལས་ལ་འགྲོ་བའི་ན་གཞོན་ཚོ་ཡང་ཕྱིར་ཕ་ཡུལ་དུ་ལོག་ཡོད། ཐོག་མར་མཉམ་ལས་ཁང་ལ་མི17ལས་མེད་པ་དང་ད་ལྟ་མི1050ཡོད་ལ། ད་ལོར་སྡེ་བ་ཡོངས་སུ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མུའུ5185བྱས་པའི་ནང་གཟན་རྩྭ་ཡུག་པོ་མུའུ4185བཏབ་ཡོད་པས། སྡེ་བའི་ཐུན་མོང་ཡོང་འབབ་སྒོར་ས་ཡ་བཞི་ལས་བརྒལ་ངེས་ཡིན་ཟེར།
ཐུན་རིན་གྲོང་ཁྱེར་གྱིས“སྡེ་བ་རེར་སྤུས་རྟགས་རེའི”བསམ་ཕྱོགས་གཞིར་བཟུང་སྟེ། ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་བཏོན་ཏེ་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་གཞི་ཚུགས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། སྡེ་མི་རྣམས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་བཞིན་ཡོད། ད་ལྟ་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་བཅས་ཀྱི་འཕེལ་རྒྱས་ཀྱི་བྱེད་ཐབས་དེ་ཧོར་ནག་ཡུལ་ཚོ་རི་ཞོལ་མ་སྡེ་བའི་གྲོང་གསེབ་དཔལ་འབྱོར་དར་སྤེལ་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།