དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།
2023.07.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

“ངེས་པར་དུ་ལངས་གནས་སྔར་ལས་མཐོ་བ་དང་། མཐོང་རྒྱ་སྔར་ལས་ཡངས་པ། ནུས་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་ཐོག་ནས་སྐྱོད་ལམ་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།” རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་ལ། མིག་སྔའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། སྐྱོད་ལམ་གསར་པའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་ཡག་པོ་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱ་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་མ་གཏོང་ཆེད་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་མོའི་ནང་བཅུག་ནས། ཕྱོགས་ཡོངས་དང་ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་བོ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པས། ཆོད་སེམས་ཆེ་བ་དང་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་སྔར་བྱུང་མ་མྱོང་བ་ཞིག་རེད། དཀའ་ངལ་ཞུམ་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གཙོ་གནད་བཅོས་སྒྲིག་ནས་མ་ལག་བཅོས་སྐྱོང་བྱེད་པའི་བར་འགྱུར་ལྡོག་གལ་ཆེན་བྱུང་བ་དང་། གཞན་དབང་ལ་ཁ་གཏད་འཇལ་བ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་འགྱུར་ལྡོག་གལ་ཆེན་བྱུང་བ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་ནས་སྣེ་ཁྲིད་པའི་བར་འགྱུར་ལྡོག་གལ་ཆེན་བྱུང་བ། ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བར་འགྱུར་ལྡོག་གལ་ཆེན་བཅས་བྱུང་བས། རང་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། ས་གཞི་སྔར་ལས་ལྗང་ལ་ཆུ་བོ་སྔར་ལས་དྭངས་ཤིང་གཙང་བ། ལེ་དབར་ཁྲི་ཡི་རི་ཀླུང་སྔར་ལས་མཛེས་སྡུག་ལྡན་ལ་ལྟ་ན་སྡུག་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མཚོན་རྟགས་མངོན་གསལ་དུ་གྱུར་ཡོད”ཅེས་གསུངས།

དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ཡོད་པས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་ཀྱིས་མངོན་ཡོད། “མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་ཐབས་མེད་པས་དེ་སྤྱོད་སྐབས་དེའི་གལ་ཆེན་རང་བཞིན་མི་གཏོགས་ལ། ཤོར་ཚེ་གནས་སུ་འཇུག་དཀའ་བ་ཞིག་རེད”ཅེས་བསྟན་པ་དང་། ཁོང་གིས“སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནི་མཐར་གཏུགས་ནས་བརྗོད་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་ཀྱི་གནད་དོན་ཞིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱེད་པར་ངེས་པར་དུ་གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་དགོས”ཞེས་ནན་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཀྱི་གལ་ཆེའི་གནས་བབ་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་དམ་འཛིན་གཏིང་ཟབ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་དཔལ་ཡོན་གྱི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཆགས་སུ་འཇུག་དགོས། དགོངས་པ་གལ་ཆེན་འདིས་སྐྱེ་ཁམས་དཔལ་ཡོན་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་པ་དང་། ང་ཚོའི་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱ་རྒྱུ་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཅིང་། 2035ལོར་སླེབས་སྐབས།“ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་རོལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ་དང་། ཐཱན་འབུད་ཚད་རྩེར་སོན་རྗེས་བརྟན་པོའི་ངང་མར་ཆག་པ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྱུར་བ། མཛེས་སྡུག་གི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ”བཅས་ཀྱི་དམིགས་འབེན་དང་ལས་འགན་བཏོན་པ་དང་།“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་བྱེད་པའི”བཀོད་སྒྲིག་གལ་ཆེན་བྱས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་ངོས་འཛིན་ཟབ་མོ་བྱེད་དགོས། དུས་མཚུངས་སུ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཚུལ་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་ཕྱིན་མེད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་དགོས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་ཇེ་མགྱོགས་སུ་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྔར་བཞིན་གནོན་ཤུགས་གཅིག་མཚུངས་དང་ལྗིད་འཁུར་མདུན་སྐྱོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་སྐྱོད་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྗེས་ཕྱོགས་ཀྱི་ལོ5ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དབར་གྱི་འབྲེལ་བ་དང་། གཙོ་གནད་མཁྲེགས་གཏོར་དང་མཐུན་སྦྱོར་བཅོས་སྐྱོང་བར་གྱི་འབྲེལ་བ། རང་བྱུང་སླར་གསོ་དང་མིས་ཐབས་ཀྱི་སླར་གསོ་བར་གྱི་འབྲེལ་བ། ཕྱི་རོལ་གྱི་གཅུན་སྡོམ་དང་ནང་གནས་སྒུལ་ཤུགས་བར་གྱི་འབྲེལ་བ།“ཐཱན་གཉིས”ཁས་ལེན་དང་རང་བརྟེན་བྱ་སྤྱོད་ཀྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་གྱི་འབུར་ཐོན་གནས་བབ་ཏུ་བཞག་ན། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གི་འདེགས་སྐྱོར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་ནན་མོ་བྱེད་པ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།