དྲི་བ་བརྒྱ་དང་གསུམ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས་དོན་ཅི་ཡིན་ནམ།
2023.07.28 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་དམ་པོར་སྲུང་བ། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། འདི་ནི་རྗེས་ཕྱོགས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཐད་ལ་བཏོན་པའི་བླང་བྱ་གསལ་པོ་ཞིག་རེད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།

དང་པོ།“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྲོག་ཤིང་གི་ནུས་པ་ཡིན་ལ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གཙོ་བོ་ཡང་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཐེངས་དང་པོར་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས།“ཏང་གི་ཆབ་སྲིད་འཛུགས་སྐྲུན་ཏེ་སྤྱི་འདོམས་བྱེད་དགོས”ཞེས་པ་དང“ཏང་གི་ཆབ་སྲིད་འཛུགས་སྐྲུན་ཏེ་གོ་གནས་ཨང་དང་པོར་འཇོག་དགོས”ཞེས་གསལ་བོར་བཏོན་ཡོད། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལས།“ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གནད་འགག་ནི་རིམ་པ་སོ་སོའི་རྩ་འཛུགས་སྣ་ཚོགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་ཡིན”ཞེས་བསྟན་ཡོད། ཆབ་སྲིད་ཀྱི་ངོ་བོ་ནི་ཏང་གི་ངོ་བོ་ཨང་དང་པོ་ཡིན་པ་དང་། ཆབ་སྲིད་ཀྱི་ནུས་པ་ནི་ཏང་ཡོན་ལས་བྱེད་པའི་སྲོག་ཤིང་གི་ནུས་པ་ཡིན་ཞིང་།“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ནི་ཆབ་སྲིད་ཀྱི་ནུས་པ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་རེད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་བལྟ་མཁས་པ། ཆབ་སྲིད་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་མཁས་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བ་ལྟར་ན།“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”མཐོ་རུ་གཏོང་རྒྱུ་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཡིན་ཞིང་། ཏང་ཡོན་ལས་བྱེད་པས་“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”རྒྱུན་མི་ཆད་པར་ཆེ་རུ་བཏང་ན། གཞི་ནས“རྒྱལ་ཁབ་ཀྱི་དོན་ཆེན”ཤེས་རྟོགས་ཐུབ་སྟེ། ཏང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་འཐབ་ཇུས་ཇུས་འགོད་དང་། སྲིད་ཇུས་གཏན་འབེབས། ལས་འགན་བཀོད་སྒྲིག ལས་དོན་ལ་སྐུལ་འདེད་བཅས་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་ནས་མཚོན་པར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས།

གཉིས་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རྣམས“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཐད་སྤྱིའི་ཆ་ནས་ཡག་པོ་ཡོད་མོད། འོན་ཀྱང་ཧེ་བག་མངོན་གསལ་ཡང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ལམ་ལུགས་སྣ་ཚོགས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ།“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཆེ་རུ་གཏོང་རྒྱུ་དེ་སེམས་ནང་ཟུག་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་མཚུངས་སུ། ཏང་ཡོན་ལས་བྱེད་པ་འགའ་ཞིག་གི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་མོ་མིན་པ་དང་། ཆབ་སྲིད་ཀྱི་ཚོར་ཤེས་སྐྱེན་པོ་མེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་། ཆབ་སྲིད་ཀྱི་རྩ་དོན་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བླང་བྱ་ཁག་ལག་བསྟར་གཏིང་ཟབ་བྱེད་པ་སོགས་ཀྱི་ཐད་ད་དུང་ཞན་ཆ་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཉེན་ཁ་དང་འགྲན་སློང་ཧ་ཅང་མང་པོ་འཕྲད་སྲིད་པ་དང་ཏང་འཛུགས་སྐྲུན་ལ་སྔ་ཕྱི་བར་གསུམ་དུ་ཚོད་བགམ་ཆེན་པོ་འཕྲད་སྲིད་པས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་ཡོངས་ཀྱི“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཆེ་རུ་གཏོང་དགོས།

གསུམ་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཆེ་རུ་གཏོང་བའི་སྐོར་གྱི་བླང་བྱ་སྣ་ཚོགས་དོན་འཁྱོལ་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི“ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཆེ་རུ་གཏོང་བར་ངེས་པར་དུ་ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་སེམས་ནང་གི་རང་རྟོགས་དང་རང་འགུལ་བྱ་སྤྱོད་དུ་འགྱུར་བར་བྱ་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བའི་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་འགྱུར་ལྡོག་ཡོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྟེང་ནས་འཕེལ་ཕྱོགས་ཆེན་པོ་རྟོག་ཞིབ་དང་། འཕོ་འགྱུར་ལ་ཁ་གཏད་འཇལ་བ། མ་འོངས་པར་ལྟ་ཞིབ་བཅས་བྱས་ཏེ། འཐབ་ཇུས་རང་བཞིན་དང་མ་ལག་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་ཞིབ་འཇུག་དང་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་གལ་ཆེན་དང་འགག་རྩའི་རིམ་པའི་སྟེང་རིག་པ་དྭངས་གསལ་དང་མཐོང་རྒྱ་སྔར་ལས་གསལ་བོ་བྱ་དགོས། ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་བྱེད་ནུས་ཆེ་རུ་གཏོང་བར་དོ་སྣང་བྱ་དགོས་པ་སྤྱི་དང་། ཁྱད་པར་དུ་སྣང་ཚུལ་བརྒྱུད་ནས་ངོ་བོར་བལྟ་ཐུབ་པ་དང་། སྤྱིར་བཏང་གི་ལས་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་རྙེད་མཁས་པོ་བྱ་དགོས་ཤིང་། ཕྱོགས་ལྷུང་རང་བཞིན་དང་མགོ་འབུར་ཙམ་གྱི་རང་བཞིན་ལྡན་པའི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་མཐོང་སྣེ་མཁས་པ་དང་། སྣེ་མང་རྙོག་འཛིང་ཆེ་བའི་འགལ་བ་དང་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་ཁོང་དུ་ཆུད་མཁས་པོ་བྱ་དགོས། ཆབ་སྲིད་ཀྱི་གོ་བ་ལེན་ནུས་ཆེ་རུ་གཏོང་བའི་ཐད་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དང་ཏང་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་ནན་མོ་དང་མཐིལ་རྟོགས་ཐུབ་པ་བྱས་ནས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དང་ཏང་ཀྲུང་དབྱང་གི་སྙིང་སྟོབས་ལ་བརྟེན་ནས་དུས་བབ་ལ་དབྱེ་ཞིབ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཁྲོད་ཀྱི་ཆབ་སྲིད་ཀྱི་ནང་དོན་དང་ཆབ་སྲིད་ཀྱི་བསམ་གཞིག་ལ་གོ་བ་ཟབ་མོ་བླངས་ནས།“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། བྱ་བ་གང་ཞིག་སྒྲུབ་ཀྱང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་གནད་དོན་ལ་བལྟ་དགོས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་དུས་རྒྱུན་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དཔེ་བསྡུར་ཚད་བསྡུར་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་ལག་བསྟར་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ལྷུང་མི་བྱེད་པ་དང་། བབ་བསྟུན་མི་བྱེད་པ། བཟོ་ལྟ་མི་བྱེད་པ་བཅས་ཀྱི་འགན་ལེན་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། འགན་འཁྲི་སེམས་ལ་འཛིན་པ་དང་། འགན་འཁྲི་ལུས་ལ་འཁུར་བ། འགན་འཁྲི་ལག་ལེན་དུ་བསྟར་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དང་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་ལས་འགན་ལེགས་འགྲུབ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།