གཡུལ་ས་གཙོ་བོར་ཞུགས་ནས་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།
2023.07.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བའི་མདུན་སྐྱོད་ཀྱི་འབོད་སྐུལ་བསྒྲགས་ཏེ། ང་ཚོས་ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པའི་སྒོ་ནས་ལག་བསྟར་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པས། ང་ཚོ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་ནས། འགན་ཁུར་དངོས་སྒྲུབ་དང་བྱས་རྗེས་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་གཡུར་དུ་ཟ་བའི་དྲིས་ལན་སྤྲོད་དགོས།

གཡུལ་ས་གཙོ་བོར་ཞུགས་ན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་དོན་ཆེན”ཡིན། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོ། མགོ་རྩོམ་ས་མཐོན་པོ། སྤུས་ཚད་མཐོན་པོ། ནུས་ཆོད་མཐོན་པོ་བཅས་ལ་བརྟེན་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ལས་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་ལེགས་པོར་ཁུར་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས།

གཡུལ་ས་གཙོ་བོར་ཞུགས་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་བར་སྟོང་གསར་འབྱེད་དང་སྲུང་སྐྱོབ་བྱེད་པའི་ཆགས་སྟངས་ཇེ་ལེགས་སུ་བཏང་ནས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྒྱུན་འཁྱོངས་དང་། དངོས་ཡོད་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ང་ཚོས་མཐོ་སྒང་ལ་དམིགས་བསལ་གྱིས་མངའ་བའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། “ཏན་ཏིག”སྔོན་ལ་བཞག་ནས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་གནས་བསྐྲུན་པ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ས་བསྐྲུན་པ་བཅས་ལས་དོན་འདི་བཞི་པོ་ལེགས་པོར་བསྒྲུབས་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་ནུས་པ་སྔར་ལས་སྟོབས་ཤིང་མདུན་སྐྱོད་ཀྱི་སྤོབས་པ་སྔར་ལས་འདང་བར་བྱེད་དགོས།

གཡུལ་ས་གཙོ་བོར་ཞུགས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ལེགས་པོར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་ཞིན་ཅང་བརྟན་བརླིང་དང་བོད་ལྗོངས་སྲ་བརྟན་གཏོང་བའི་འཐབ་ཇུས་ཀྱི་ས་གནས་གལ་ཆེན་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་དེ་གཙོ་གཞིར་འཛིན་པ་དང་། “མཉམ་གནས་བཞི”ཡི་ཐུན་མོང་འདུ་ཤེས་ཀྱི་ལྟ་བ་འཛུགས་པ། “མོས་མཐུན་ལྔ”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས། མི་རིགས་སོ་སོས་ཡོངས་ཁྱབ་ཀྱིས་འབྲེལ་འདྲིས་དང་ཕྱོགས་ཡོངས་ནས་བརྗེ་རེས། གཏིང་ཟབ་པར་མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཆས་རྟགས་ཀྱི་ཁ་དོག་གསལ་པོར་ཕྱིས་ནས། རྒྱལ་ཁབ་བདེ་འཇགས་ཡོང་བའི་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོར་བསྐྲུན་དགོས།

གཡུལ་ས་གཙོ་བོར་ཞུགས་ན། དམངས་ཚིས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ཀྱི་བརྩེ་བ་བརྟན་པོར་སྲུང་བ་དང་མི་དམངས་ལ་དམ་པོར་བརྟེན་ཏེ། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ང་ཚོས་དམངས་ཚིས་ཀྱི་མི་འདང་ས་མགྱོགས་མྱུར་གྱིས་ཁ་གསབ་བྱེད་པ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་སྟེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་གཏོང་བ་དང་། བརྩེ་སེམས་དང་སྟོབས་ཤུགས་གང་ཡོད་ཀྱིས་ལས་ཞུགས་དང་སྨན་བཅོས། སྡོད་ཁང་སོགས་མང་ཚོགས་ཀྱི་བྲེལ་འཚུབ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གིས་བཅད་དེ། སློབ་གསོ་དང་གྲོང་གསེབ་དར་སྤེལ་སོགས་བྱ་བ་མྱུར་དུ་དམ་འཛིན་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས།

གཡུལ་ས་གཙོ་བོར་ཞུགས་ན། ཏང་གི་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ཁྲོད། སོ་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་གསོ་སྐྱོང་བྱས་ཏེ་གྲུབ་ཡོད་ཅིང་། ཏང་གི་འདུ་ཤེས་བརྟན་པོ་དང་རྩ་བའི་དགོངས་པ། སྤྱོད་ཚུལ་ལེགས་པོ་བཅས་གཅིག་བསྡུས་ཀྱིས་མངོན་པ་ནི། ང་ཚོའི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལ་ཡར་སྐུལ་བྱེད་པའི་རྒྱུ་ནོར་རྩ་ཆེན་ཡིན། ང་ཚོས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དངོས་འབེབས་ལེགས་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཏང་གི་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། ཏང་ལ་བློ་དཀར་བའི་སྤྱོད་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱོད་པ། རང་གཅུན་ནན་མོ་བྱེད་པའི་སྤྱོད་པ་བཅས་བརྩི་མཐོང་དར་སྤེལ་བྱས་ཏེ། “གཟབ་ནན”གྱི་སྤྱིའི་བྱེད་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་ཁྱབ་པར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དེ་མཚོ་སྔོན་བྱ་བའི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་དངོས་འབེབས་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་དུ་རྒྱལ་ཁ་གསར་པ་ཡང་ཡང་ལེན་དགོས།

དུང་བརྡ་བཏང་བ་ན་མདུན་དུ་བསྐྱོད་དགོས། ང་ཚོས་རྡོག་རྩ་གཅིག་སྒྲིལ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་རིགས་ལམ་དང་ཁ་ཕྱོགས། ཤུགས་རྒྱག་ས་བཅས་ལྟར། དཔའ་ངར་ལྡན་པའི་སྙིང་སྟོབས་སྲུང་འཛིན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་སྤྲོ་སེམས་རྒྱས་པ་དང་ནུས་པ་མངོན་པར་བྱས་ནས། རྒྱུན་ཆད་མེད་པར་དོན་དངོས་སྒྲུབ་པ་དང་ལས་དོན་འགྲུབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྔར་ལས་བཟང་ཞིང་གསར་པའི་ཡུལ་ཁམས་ཤིག་གཏོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།