ཟླ8ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཐོག་མའི་གསར་སྐྲུན་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གོ་གནས་སུ་བཞག་ནས། རྨང་གཞིའི་ཞིབ་འཇུག་གི་ལས་འགན་གལ་ཆེན་ཁག་གཅིག་སྒྲིག་འཛུགས་ཡག་པོ་བྱས་པ་དང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་བསྐྲུན་པས། རྨང་གཞིའི་མདུན་གྲལ་ཕྱོགས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་ངང་ཐོན་ཡོད། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་པ་དང་། རིག་གཞུང་ཚན་ཁག་སྣོལ་སྡེབ་དང་མཉམ་འདྲེས་བྱེད་པར་རྒྱུན་མི་ཆད་པར་སྐུལ་སྤེལ་གཏོང་བ། ཚན་རིག་ཞིབ་འཇུག་གི་དཔེ་སྟོན་རྣམ་པར་འཕོ་འགྱུར་གཏིང་ཟབ་བྱུང་བ། ཚན་རིག་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མཉམ་འདྲེས་ཇེ་མགྱོགས་སུ་འགྲོ་བཞིན་པ། རྨང་གཞིའི་ཞིབ་འཇུག་གི་བརྗེ་སྒྱུར་དུས་འཁོར་མངོན་གསལ་སྒོས་ཇེ་ཐུང་དུ་འགྲོ་བ། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་རྨང་གཞིའི་མདུན་གྲལ་དུ་འགྱུར་ལྡོག་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་པ། འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཁ་ཚ་དགོས་གཏུག་ནི་ང་ཚོས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འབྱུང་རྩ་དང་གཞི་རིམ་ནས་འགོ་བརྩམ་སྟེ་འགག་རྩའི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། ཐོག་མའི་གསར་གཏོད་འབུར་དུ་ཐོན་པར་བྱེད་པ། རང་མོས་འཚོལ་ཞིབ་ལ་སྐུལ་ལྕག་བཅས་བྱེད་དགོས་པ་དང་། འཐབ་ཇུས་བཀོད་སྒྲིག་བྱས་ཏེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། དེ་ཡང་གཅིག་ནས་རྨང་གཞིའི་ཞིབ་འཇུག་གི་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ཏེ་ཞིབ་འཇུག་ནས་བཀོལ་སྤྱོད་དང་། དེ་ནས་ཐོན་སྐྱེད་ཀྱི་ཚན་རིག་ཞིབ་འཇུག་གི་འབྲེལ་ཐག་གི་འགོ་བརྩམས་པའི་དུས་སུ་རྨང་གཞི་བརྟན་པོ་བཏིང་ན་གཞི་ནས་ཚན་རྩལ་བྱ་གཞག་གི་ཁང་ཆེན་མཐོན་པོ་བསྐྲུན་ཐུབ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པར་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དགོས་མཁོའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་དང་བཀོད་སྒྲིག་གི་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་གསར་སྐྲུན་འཕེལ་རྒྱས་ལ་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་རྩལ་གྱི་འབྱུང་རྩ་མཁོ་འདོན་བྱེད་དགོས། གཉིས་ནས་རྨང་གཞིའི་ཞིབ་འཇུག་གི་སྒྲིག་གཞི་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་ནི་ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་ཆེར་འགྲོ་བཞིན་ཡོད་ལ། ལམ་ལུགས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་ཁྲིད་སྟོན་གྱིས་རྨང་གཞིའི་ཞིབ་འཇུག་གི་ཐོན་རྫས་ལ་ཐེབས་པའི་ཤུགས་རྐྱེན་ཡང་ཇེ་ཆེར་འགྲོ་བཞིན་ཡོད། ངེས་པར་དུ་བཅོས་སྒྱུར་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། ལམ་ལུགས་དང་སྲིད་ཇུས་ཀྱི་རིན་ཐང་ལ་བརྟེན་ནས་སྐུལ་འདེད་དང་འཐབ་ཇུས་ལ་བརྟེན་ནས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། གསུམ་ནས་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་མཐོ་བའི་འདེགས་སྐྱོར་སྟེགས་བུ་བསྐྲུན་པ། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་འཛམ་གླིང་ཐོག་གི་ཚན་རྩལ་དུས་དེབ་རྩེ་གྲ་དང་། རྒྱལ་ཁབ་ཆེ་གྲས་ཀྱི་འཕྲུལ་ཆས་གལ་ཆེན་ཁག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་པས། རྨང་གཞིའི་ཞིབ་འཇུག་དང་འདེགས་སྐྱོར་ལས་སྟེགས་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་རྩ་བའི་ཐོག་ནས“སྣེ་གཉིས་ཕྱི་ཕྱོགས་སུ་ཁྱབ་པའི”གནད་དོན་ཐག་གཅོད་བྱེད་པར་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་མཐུན་སྦྱོར་ངང་འཛུགས་པར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་རྒྱང་ལྟ་སྣེ་ཁྲིད་ཅན་དང་། འཐབ་ཇུས་ཀྱི་ཁྲིད་ཕྱོགས་ཅན། ཉེར་སྤྱོད་འདེགས་སྐྱོར་ཅན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། ཚན་རྩལ་དཔྱད་ཆས་དང་སྒྲིག་ཆས་དང་། བཀོལ་སྤྱོད་མ་ལག རྨང་གཞིའི་མཉེན་ཆས་བཅས་རྒྱལ་ནང་ནས་ཐོན་སྐྱེད་བྱེད་པའི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། བཞི་ནས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་ནི་མཐར་གཏུག་ན་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣར་བརྟེན་རྒྱུ་དེ་རེད། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་མོད། འོན་ཀྱང་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་སྔར་བཞིན་ཞན་ཆ་མངོན་གསལ་ཡོད། ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་མ་ལག་ཅན་དང་རིམ་གྲས་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་བསྐྲུན་ཏེ། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གཅིག་རྗེས་གཉིས་མཐུད་དུ་ཐོན་པར་བྱ་དགོས། ལྔ་ནས་རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་བ། མིག་སྔར། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཐད་རྒྱལ་ཁབ་ཉུང་ཤས་ཤིག་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཕོག་ཐུག་དང་འགྲན་སློང་ལ་འཕྲད་ཡོད། མིའི་རིགས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་དཀའ་གནད་སེལ་བར་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་ཀྱི་དགོས་མཁོ་ཆེ་བ་དང་། རྒྱལ་ཁབ་གཅིག་ཀྱང་རང་ཚུགས་ཀྱི་གསར་གཏོད་ལྟེ་གནས་སམ་ཡང་ན་སྒེར་གྱིས་གསར་གཏོད་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་མི་ཆོག རང་རྒྱལ་གྱིས་སྔར་ལས་སྒོ་འབྱེད་བསམ་གཞིག་དང་བྱེད་ཐབས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་སོགས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་དགོས། དྲུག་ནས་རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་སྐྱེ་ཁམས་གསར་དུ་བསྐྲུན་དགོས། རྨང་གཞིའི་ཞིབ་འཇུག་བྱེད་པར་དངོས་པོའི་ཐོག་ནས་འགན་སྲུང་བྱ་དགོས་ལ་བསམ་པའི་ཐོག་ནས་བསྔགས་སྐུལ་དེ་བས་ཀྱང་བྱ་དགོས། རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་ནས་བསྐྲུན་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ནུབ་ཕྱོགས་སུ་སྤོ་སྒྱུར་གྱི་སྙིང་སྟོབས། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སོགས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་གསར་སྐྲུན་སྐྱེ་ཁམས་བསྐྲུན་པ་དང་། རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད། སྤྱི་ཚོགས་ཡོངས་སུ་བདེན་དོན་བརྩོན་གཉེར་དང་། ཡང་རྩེར་བསྐྱོད་ཕོད་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་སྤེལ་བྱེད་ནུས་ཆེ་རུ་གཏོང་བ། ཚན་སློབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་ཏན་ཏིག་གཏོང་བ། ཚན་རིག་མཁས་ཅན་གྱི་སྦས་ཤུགས་ནུས་པ་ལྡན་ཞིང་ཚན་རིག་ཞིབ་འཇུག་གི་བྱ་གཞག་ལ་རང་ནུས་གང་ཡོད་འདོན་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་ཚོགས་སྤྱི་གསོ་སྐྱོང་བཅས་བྱ་དགོས།
རྩོམ་ཡིག་ནང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚན་རྩལ་ལས་དོན་གྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས། གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསལ་སྟོན་གནང་ཡོད།
རྩོམ་སྒྲིག་པ།ཤ་བོ་རིན་མཚོ།