སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོར་ཤུགས་སྣོན་དགོས”ཞེས་ནན་བཤད་གནང་ཡོད། དེ་ལས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོའི་དུས་རབས་གསར་པར་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་བཟོ་སྐྲུན་གསར་པའི་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་མཚོན་པ་དང་། ཏང་འཛུགས་སྐྲུན་དང་ལྷག་པར་དུ་བསམ་བློ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
དང་པོ། ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན། ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་སྲིད་ཏང་དང་མི་འདྲ་བར། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ནི་ཁེ་ཕན་གྱི་དོན་དུ་བཙུགས་པའི་སྲིད་ཏང་ཞིག་མིན་པར། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ཀྱི་ཐོག་ནས་སྒྲིག་འཛུགས་བྱས་པའི་སྲིད་ཏང་ཞིག་རེད། བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་པར་དང་ཐོག་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནས་འགོ་རྩོམ་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ལས་དབང་གི་རྩ་བ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། སྲིད་ཏང་ཞིག་གི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ན་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཡོད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་ཞན་དུ་སོང་ན། སྒྲིག་ཁྲིམས་མེད་པའི་མི་ཚོགས་ལྟ་བུར་འགྱུར་ལ་རླུང་བུ་ལྡང་མ་ཐག་ཡལ་འགྲོ་བ་རེད། ཏང་ཡོན་ཞིག་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ན། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། ཉེན་ཁ་དང་དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། རུལ་སུངས་སུ་གྱུར་པའི་བསམ་བློ་སྣ་ཚོགས་ཀྱི་བསླད་སྐྱོན་རང་རྟོགས་ཀྱིས་བཀག་འགོག་བྱེད་ཐུབ་པ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་ཐུབ་པ་བཅས་དང་། ཕུགས་བསམ་དང་དད་སེམས་མེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ན། བསམ་པའི“ཀལ་ཟད”འགྲོ་ལ། “རུས་པའི་ཕྲུམ་ནད”ཕོག་སྲིད་པ་རེད། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པ་དང་། བར་ཆད་མང་པོ་བརྒྱུད་དེ་རྒྱུན་མི་ཆད་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཤིང་། དཀའ་སྡུག་ཚད་མེད་མྱངས་ནས་ངར་བླུད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་བཀོད་པའི་རླབས་ཆེན་གྱི་གྲུབ་འབྲས་གསར་གཏོད་བྱས་པ་དེ་ནི་ཐོག་མར་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བར་བརྟེན་དགོས། དེར་བརྟེན། ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་བསམ་བློ་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཏང་ཡོངས་ལ་བསམ་བློའི་ཐད་ནས་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་གཏོང་དང་། རྨང་གཞི་བརྟན་གཏོང་། དད་སེམས་ཀྱི་རྨང་གཞི་བརྟན་གཏོང་། བསམ་པའི་ཀལ་ཁ་གསབ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། གུང་ཁྲན་ཏང་མིའི་བསམ་བློའི་རྒྱབ་རྟེན་བརྟན་པོར་འཛུགས་དགོས།
གཉིས་པ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་ཀྱི་གནད་དོན་ཐག་གཅོད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་གཡོ་འགུལ་ཞིག་དང་། ཕུགས་བསམ་དང་དད་སེམས་ཉམས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་ཉམས་རྒུད་ཅིག་རེད། སྲིད་ཏང་ཞིག་ཉམས་རྒུད་དུ་འགྲོ་བ་དེ་ནི་ཕུགས་བསམ་དང་དད་སེམས་ཤོར་བའམ་ཤོར་འགོ་ཚུགས་པ་ཞིག་རེད། སུའུ་ལན་གུང་ཁྲན་ཏང་ལ་ཏང་ཡོན་འབུམ་གཉིས་ཡོད་དུས་སྲིད་དབང་བླངས་པ་དང་། ཏང་ཡོན་ས་ཡ་གཉིས་ཡོད་དུས་ཞི་ཐེ་ལེ་ཕམ་པར་བརྒྱབ་ཅིང་། ཏང་ཡོན་བྱེ་བ་གཉིས་ལ་ཉེ་བ་ཡོད་དུས་སྲིད་དབང་ཤོར་བ་རེད། ཕུགས་བསམ་དང་དད་སེམས་ཐད་གནད་དོན་ཆེན་པོ་ཐོན་པ་ནི་དམིགས་བསལ་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། དེའི་ཐོག་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་བསམ་པའི་སྟོབས་ཤུགས་དང་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་རྩ་བའི་གནད་དོན་ཞིག་ཡིན་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད། མིག་སྔར། ཏང་ཡོན་ལས་བྱེད་པ་མང་ཆེ་བའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡིན་པ་དང་། ཆབ་སྲིད་ཐད་བློས་འགེལ་ཆོག་པ། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་ངར་སྐུལ་བྱས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”སྔར་ལས་ཇེ་བརྟན་དུ་བཏང་ནས་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ཡིན་ནའང་ཏང་ཡོན་ལས་བྱེད་པ་ཆེས་ཉུང་ཤས་ཤིག་གིས་གུང་ཁྲན་རིང་ལུགས་ལ་དོགས་པ་བྱེད་པ་དང་། མར་ལེ་རིང་ལུགས་ལ་ཡིད་ཆེས་མི་བྱེད་པ། འགའ་ཞིག་གིས་ཐ་ན་མུན་འཐོམས་ཀྱིས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལམ་ལུགས་དང་རིན་ཐང་གི་འདུ་ཤེས་ལ་དད་གུས་བྱེད་ཀྱིན་ཡོད། སྣང་ཚུལ་དེ་དག་མཐར་གཏུག་ནས་བཤད་ན་དད་སེམས་རབ་རིབ་ཏུ་གྱུར་པ་དང་བསམ་པ་རྨོངས་པར་གྱུར་པ་རེད། དེར་བརྟེན། ངེས་པར་དུ་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོངས་ལ་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་ལྟེ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་བྱ་དགོས།
གསུམ་པ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཏང་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དམ་འཛིན་ལྷོད་མེད་བྱ་དགོས་པའི་ལས་འགན་གལ་ཆེན་ཞིག་ཡིན། ཕུགས་བསམ་དང་དད་སེམས་བརྟན་པོ་ཆགས་པར་བྱ་རྒྱུ་དེ་བྱེད་ཐེངས་གཅིག་ལས་གྲུབ་པ་ཞིག་མིན་ལ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་ཀྱང་མ་ཡིན་པར། རྒྱུན་ཆད་མེད་པར་ཞིབ་བཤེར་དང་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་རེད། ད་ལྟ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པས་མ་འོངས་པར་ཕུགས་བསམ་དང་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པ་མཚོན་གྱིན་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་ཚེ་གང་བོའི་ཞིབ་འཇུག་བྱ་གཞི་ཡིན་པས། རྒྱུན་དུ་སྦྱོང་རྡར་བྱེད་དགོས་པ་དང་། ཚེ་གང་པོར་ཡིད་ཆེས་དང་ཚེ་གང་པོར་བསྲུང་དགོས”ཞེས་ནན་བཤད་གནང་ཡོད། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཏང་གིས་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་གཏོང་རྒྱུ་དེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་དང་། ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ནང་གཅིག་སྡུད་སློབ་གསོ་རབ་དང་རིམ་པ་སྤེལ་རྒྱུའི་བཀོད་སྒྲིག་བྱེད་སྐབས། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དེ་དེའི་ནང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་མ་ཟད།“ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི”ལས་འགན་གལ་ཆེན་ཡང་གསལ་པོ་བཏོན་ཡོད། སྐྱོད་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་ཀྱིས་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཏང་ཡོན་གྱི་ཕུགས་བསམ་དད་སེམས་དེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་ཚུལ་མཐུན་གྱི་ངོས་འཛིན་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་དམ་འཛིན་ཡང་དག་བྱེད་པ་བཅས་ཀྱི་ཐོག་ནས་དད་སེམས་བརྟན་པོ་དང་ཡིད་ཆེས་ཟབ་མོ་ཡོང་བ་བྱས་ཏེ། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།