དྲི་བ་བརྒྱ་དང་བདུན། ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ཕན་ནུས་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།
2023.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ཕན་ནུས་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། འདི་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་ཡིན་ལ། སྲིད་འཛིན་ཏང་འཛུགས་སྐྲུན་གྱི་ཆོས་ཉིད་དང་རྒྱལ་ཁབ་བཅོས་སྐྱོང་གི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ་ཞིག་ཡིན་པས། ཏང་གིས་དུས་ཡུན་རིང་པོའི་སྲིད་འཛིན་གྱི་ཆ་རྐྱེན་འོག་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཇི་ལྟར་སྒྲོལ་རྒྱུ་ནི་གསར་བརྗེའི་སྲིད་དབང་གི་རང་མདངས་ནམ་ཡང་མི་འགྱུར་བ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན། སྔོན་ཆད་ཡན་ཨན་དུས་སྐབས་སུ། མའོ་ཙེ་ཏུང་གིས་ཟིང་བཅོས་དར་རྒུད་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་བའི་བརྗོད་གཞི་གལ་ཆེན་ལ་ལན་དང་པོ་བསྐྱོན་པ་དང་།  དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱས་ཚེ། སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་བྱེད་མི་ཕོད”ཅེས་པ་དེ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཅུག་སྟེ།  རང་ངོས་གསར་བརྗེ་བྱེད་པའི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བའི་ལན་གཉིས་པ་འདི་རྙེད་ཅིང་།  ཏང་གི་རང་ངོས་གཙང་སྒྱུར་དང་།  རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཡོང་བའི་ལམ་ལུགས་ཚད་ལྡན་མ་ལག་ཆ་ཚང་ཞིག་གྲུབ་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ལྟ་སྐུལ་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་། རྒྱལ་སྲིད་སྐྱོང་ལུགས་བཅས་ཀྱི་ལས་དོན་སྣ་ཚོགས་ཁྲོད་ཁྱབ་པར་བྱས་ནས། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྐོར་ཞིབ་ལྟ་སྐུལ་དང་བཅའ་སྡོད་ལྟ་སྐུལ“ཕྱོགས་ཡོངས་ལ་ཁྱབ་པ་གཉིས”ཀྱི་བླང་བྱ་བཏོན་པ་དང་།   ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གཏན་འབེབས་བྱས་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་རྗེས་གཞུང་གི་དབང་ཆ་སྤྱོད་པའི་ལས་བྱེད་པ་ཚང་མ་རྒྱལ་ཁབ་ཀྱི་ལྟ་ཞིབ་ཁྱབ་ཁོངས་སུ་བཅུག་ནས། སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ།  བཅའ་སྡོད་ལྟ་སྐུལ།  སྐོར་ཞིབ་ལྟ་སྐུལ་བཅས“ཕྱོགས་ཡོངས་ལ་ཁྱབ་པ་བཞི”ཡི་རྣམ་པ་རིམ་བཞིན་གྲུབ་པ་དང་ཆབས་ཅིག  ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། རྩིས་བཤེར་གྱི་ལྟ་སྐུལ། ནོར་དོན་རྩིས་བཤེར་གྱི་ལྟ་སྐུལ། བསྡོམས་རྩིས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ།  གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ཡོད།   ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི“ཀ་བཞི་གདུང་བརྒྱད”རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་སྐུལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། གནད་དོན་ཤེས་རྟོགས་དང་། ནོར་འཁྲུལ་ཡོ་བསྲང་། བཅོས་སྐྱོང་ལ་སྐུལ་འདེད་བཅས་ཀྱི་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས་ན། ངེས་པར་དུ“ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི”རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡང་དག་པས་ཁོང་དུ་ཆུད་པར་བྱེད་དགོས། ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག   ཏང་ཨུའི(ཏང་ཙུའུ)ཕྱོགས་ཡོངས་ཀྱི་ལྟ་སྐུལ་ཏན་ཏིག་དང་སྟོབས་ལྡན་དུ་གཏོང་བ་དང་། ལྟ་སྐུལ་གྱི་གྲུབ་ཆ་གཙོ་བོ་ཁག་ལ་འགོ་ཁྲིད་དང་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་ཤུགས་སྣོན་བྱས་ཏེ། ལྟ་སྐུལ་གྱི་ལས་དོན་དེ་ཐབས་ཇུས་བཀོད་སྒྲིག་བཀོད་འདོམས་དང་ཐོན་ཁུངས་སྟོབས་ཤུགས་ཧྲིལ་བསྡུས། བྱེད་ཐབས་བཀོལ་སྤྱོད་བཅས་ཀྱི་ཐད་སྔར་ལས་མཐུན་སྦྱོར་ཡོང་བར་བྱེད་དགོས།  རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ) འགན་འཁྲི་གཙོ་བོ་དང་ལྷག་པར་དུ“འགོ་ཁྲིད་དང་པོའི”འགན་འཁུར་བ་གཙོ་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཆེད་དོན་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འབྲེལ་མཐུད་དོན་འཁྱོལ་བྱེད་པ། རང་འགན་རང་ཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་རྣམ་པ་འཐུས་ཚང་དུ་གཏོང་བ། ཏང་གིས་ལྟ་སྐུལ་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་།   ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་དགོས། འགན་འཁྲི་རྩད་གཅོད་ཀྱི་མཚོན་ཆ་ནུས་ལྡན་སྒོས་བཀོལ་སྤྱོད་ཡག་པོ་བྱས་ཏེ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གཅུན་ནན་མོ་དང་།  རང་འགན་ནན་སྒྲུབ།  ཁོངས་གཏོགས་ལ་དོ་དམ་ནན་མོ་བཅས་བྱེད་པ་དང་། རང་འགུལ་ངང་སྤེལ་བ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ནས། ཏང་འཛུགས་སྐྲུན་དང་ཏང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར། ངེས་པར་དུ“ཕྱོགས་ཡོངས་ལ་ཁྱབ་པའི”དམིགས་འབེན་དང་ལས་འགན་ཡང་དག་པས་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ལ་ཁྱབ་པ་ཞེས་པ་ནི་གཟུགས་ལྡན་གྱི་ཁྱབ་པ་དང་ནུས་ལྡན་གྱི་ཁྱབ་པ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།  “འགག་རྩའི་ཉུང་ཤས”དམ་འཛིན་ཡག་པོ་དང་ལྟ་སྐུལ་མ་ལག་ཧྲིལ་པོ་སྔར་ལས་དམ་ཚགས་དང་འཁོར་སྐྱོད་སྔར་ལས་ནུས་ལྡན་ཡོང་བར་སྐུལ་ཁྲིད་བྱེད་དགོས་པ་དེ་ཡིན།  ཏང་ནང་ཁུལ་གྱི་ལྟ་སྐུལ་ཁ་ཕྱོགས་གཏན་འཁེལ་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ།   ལྟ་སྐུལ་སྣ་ཚོགས་དང་རང་ངོས་ཀྱི་འགན་འཁྲི་ལྟར་ཕན་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ལ།  ཕན་ཚུན་བསམ་བློ་བརྗེ་རེས་དང་མ་ལག་འདུས་གྲུབ་བྱེད་པར་ཤུགས་སྣོན་བྱས་ནས།  བརྗོད་དོན་གཅིག་ལ་མཉམ་དུ་ལན་འདེབས་པ་དང་རྒྱུན་རྣམ་དང་ཡུན་ཕན་གྱི་ལྟ་སྐུལ་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།  ཏང་གི་རང་ངོས་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་དམ་པོ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་། གནད་དོན་ཤེས་རྟོགས། ནོར་འཛོལ་དག་བཅོས་བཅས་བྱེད་པའི་རྐྱེན་སྲོལ་ཆགས་པར་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་སྤྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར། ངེས་པར་དུ་“དབང་གྲགས་ལྡན་ཞིང་ཕན་ནུས་ཆེ་བའི”ལག་ལེན་གྱི་བླང་བྱ་ཡང་དག་པས་ཁོང་དུ་ཆུད་པར་བྱེད་དགོས། དབང་གྲགས་ལྡན་ཞིང་ཕན་ནུས་ཆེ་བ་ནི་ལྟ་སྐུལ་གྱི་ཆབ་སྲིད་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ།  ལྟ་སྐུལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ།  སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།     “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ནོར་འཁྲུལ་ཡོ་བསྲང་དང་དག་ཐེར་ལེགས་བཅོས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས། ལྟ་སྐུལ་བྱ་ཡུལ་གྱིས་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པ་དེ་ཤུགས་འདོན་སར་བྱས་ཏེ། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྒྲིག་སྲོལ་དང་རྐྱེན་སྲོལ་ཐོག་ནས་ལྟ་སྐུལ་གྱི་དཀའ་གནད་སྒྲོལ་བར་སྔར་ལས་མཐོང་ཆེན་བྱས་ཏེ། “ འགོ་ཁྲིད་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ལམ་ལུགས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་།  ལས་དོན་ལ་དོ་དམ། མི་སྣར་དོ་དམ་བཅས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་སྔར་ལས་ལྷག་པའི་སྒོ་ནས་ཆགས་པར་བྱས་ནས།   ལྟ་སྐུལ་སྣ་ཚོགས་སྔར་ལས་ཚད་ལྡན་དང་། སྔར་ལས་ནུས་ལྡན། སྔར་ལས་ཕན་ནུས་ལྡན་པ་བཅས་ཡོང་བར་བྱེད་པ་དང་། ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པར་བཅོས་སྐྱོང་ཕན་ནུས་སུ་འགྱུར་བར་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།