དྲི་བ་བརྒྱ་དང་དྲུག ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.08.04 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 1

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས “ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད་པ་མ་ཟད། དེ་ནི་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་ཡུན་རིང་སྲིད་འཛིན་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཞིག་ཡིན་པས། ཏང་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

དང་པོ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་ནི་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱེད་པའི་ཁྲོད་གྲུབ་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན། ང་ཚོ་ཏང་གིས་སྔར་ནས་བཟུང་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་མཐོང་ཆེན་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་སྤྱད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་བར་དོ་སྣང་བྱས་ཡོད། 1921ལོའི་ཟླ7པར། ཏང་གི་ཚོགས་ཆེན་ཐེངས་དང་པོའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་པོ་ལ་གྲོས་འཆམ་བྱུང་། འདི་ནི་ཏང་གི་ལོ་རྒྱུས་ཐོག་གི་ཏང་ནང་གི་ཁྲིམས་སྲོལ་དང་པོ་ཡིན། 1922ལོའི་ཟླ7པར། ཏང་གི་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་ཞིང་། དེ་ནས་བཟུང་ཏང་ལ་རང་ཉིད་ཀྱི་གཞི་རྩའི་རྩ་ཁྲིམས་ཡོད་པར་གྱུར།  གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་གྱི་ལོ་རྒྱུས་དུས་སྐབས་སོ་སོ་རུ། ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་གི་འབད་འཐབ་ལོ་རྒྱུས་དང་མཉམ་དུ་ཡོད་པ་དང་། ཏང་གི་འཛུགས་སྐྲུན་དང་ཏང་གི་བྱ་གཞག་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱ་རྒྱུར་དམིགས་ཏེ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། ཏང་ནང་དུ་ཁྲིམས་སྲོལ་མང་པོ་བཏོན་པ་དང་ལག་བསྟར་ནན་མོ་བྱེད་པ་དེ་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དོན་དངོས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས་སྐྲུན་ཐུབ་པ་དང་། ཏང་ནི་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་ལས་ཞུམ་མེད་སྟོབས་ལྡན་ཡིན་དོན་ནི་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་ལས་ཐོབ་པའི་གྲུབ་འབྲས་མངོན་གསལ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་ནི་ང་ཚོ་ཏང་གི་གསར་གཏོད་ཆེན་པོ་ཞིག་ཡིན་པས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་ཆེད་དང་། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

གཉིས་པ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་དང་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་ཟབ་མོ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་རེད། སྒྲིག་ལམ་ནན་མོ་ལག་བསྟར་བྱེད་རྒྱུ་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཁྱད་ཆོས་མངོན་གསལ་ཞིག་རེད། སྒྲིག་སྲོལ་མེད་ན་སྲིད་ཏང་དུ་མི་འགྱུར་ལ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དུ་དེ་བས་ཀྱང་འགྱུར་མི་སྲིད། ང་ཚོའི་ཏང་ནི་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་དང་མི་གྲངས་དུང་ཕྱུར14ལྷག་ལ་འགོ་ཁྲིད་པའི་རྒྱལ་ཁབ་ཆེན་པོའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པས། ཏང་ཡོངས་ཀྱི་འདོད་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་སྐྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས་ན། ངེས་པར་དུ་ལམ་ལུགས་ལ་བརྟེན་དགོས་པ་དང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཐབས་སུ་བརྩི་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་པའི་བརྗོད་དོན་མངོན་གསལ་དོད་པོ་ཞིག་རེད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བར་བསམ་བློའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ལམ་ལུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱེད་དགོས་པ་དང་། ལམ་ལུགས་ཀྱི་གནད་དོན་ལ་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། བརྟན་བརླིང་རང་བཞིན། ཡུན་རིང་རང་བཞིན་སྔར་ལས་ལྷག་པ་ལྡན་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཡུན་རིང་གི་ཐབས་ཇུས་ཤིག་དང་གཞི་རྩའི་ཐབས་ཇུས་ཤིག་རེད”ཅེས་ནན་བཤད་གནང་ཡོད། དུས་མཚུངས་སུ། ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པ་དང་། བསམ་བློ་སྒྱིད་ལུག་གི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་དང་རུལ་སུངས་ཀྱི་ཉེན་ཁ་བཅས་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དེ་ཡང་ངེས་པར་དུ་ནམ་ཡང་ལམ་དུ་ཡོད་དགོས་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཕེལ་རྒྱས་ཟབ་མོའི་དགོས་མཁོ་དང་འཚམ་དགོས་ན། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ལམ་ལུགས་འཛུགས་སྐྲུན་གྱི་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ནང་ཁྱབ་པར་བྱས་ནས་ཏང་འཛུགས་སྐྲུན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་དུ་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

གསུམ་པ། སྐྱོད་ལམ་གསར་བའི་སྟེང་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་དེ་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏང་དགོས། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ཡིས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པར་སྔར་ལས་མཐོ་བའི་བླང་བྱ་གསར་བ་བཏོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་སྔར་ལས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱས་ནས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་སྣེ་ཁྲིད་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་ནས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས། དུས་བསྟུན་མདུན་སྐྱོད་དང་། གཞུང་དྲང་གསར་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལྟེ་བར་འཛིན་པ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གྲུབ་པ་དམིགས་ཡུལ་དུ་འཛིན་པ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གནད་འགག་ཏུ་འཛིན་པ། ཞན་ཆ་ཁ་གསབ་དང་། ཞན་སར་ཤུགས་སྣོན་པ། མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གནད་འཁེལ་དང་། ལེགས་བསྡུས་ཞིབ་གཉེར། ཕན་འབྲས་མཐོ་བའི་སྒོ་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་བྱ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ཏང་ནང་གི་ཁྲིམས་སྲོལ་དབང་ཟིལ་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་མ་ལག་གི་གྲུབ་ཚུལ་ཅུང་འཐུས་ཚང་དུ་གཏོང་བ་དང་མཉམ་དུ། སྒྲིག་སྲོལ་ལ་བརྟེན་ཆོག་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་བཞིན་ཡོད་ཅིང་། གོམ་སྟབས་རྗེས་མའི་གནད་འགག་ནི་སྒྲིག་སྲོལ་ལག་བསྟར་ངེས་པར་དུ་ནན་མོ་བྱེད་རྒྱུ་དེ་རེད། ཏང་ནང་གི་ཁྲིམས་སྲོལ་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་དགོས་ན། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ལག་བསྟར་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་མོར་གཏོང་བ། ཏང་ནང་གི་ཁྲིམས་སྲོལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལམ་ལུགས་ཁྱད་སྟོབས་དེ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས། གསུམ་ནི་བདེན་དོན་རྒྱུན་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པ། གནད་དོན་ཤེས་རྟོགས་དང་ནོར་འཛོལ་དག་བཅོས་བྱེད་པའི་རྐྱེན་སྲོལ་གྲུབ་པར་བྱེད་དགོས། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོ་ཏང་གི་ཀུན་སྤྱོད་མངོན་གསལ་དོད་པོ་དང་དགེ་མཚན་ཆེ་ཤོས་ཡིན་པ་དང་། དེ་ནི་ང་ཚོ་ཏང་གིས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བའི་ལན་གཉིས་པ་འདི་རྙེད་པ་རེད། རང་ངོས་གཙང་བསྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བསྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་དང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། ཁ་དོག་མི་འགྱུར་བར་ཁག་ཐེག་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།