སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པའི་ཆབ་སྲིད་བྱང་ཚད་རྟོག་ཞིབ་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་གཙོ་གནད་དུ་བཟུང་ནས་ལེགས་པོར་སྲུང་དགོས”ཞེས་གསུང་ཡོད། དེ་ནི་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དོ་སྣང་བྱེད་པ་དེ་ལས་བྱེད་པའི་བྱ་བའི་ཁྲོད་གཅིག་བསྡུས་སྒོས་མཚོན་པར་བྱེད་པ་ཞིག་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
དང་པོ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱ་རྒྱུ་ནི། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་དང་ལོ་རྒྱུས་ཀྱི་ལས་འགན་གསར་པ་མངོན་འགྱུར་བྱེད་པའི་དགོས་མཁོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་ཡོད་དགོས།” ལྕགས་རྡུང་ན་ངེས་པར་དུ་ཐོ་བ་མཁྲེགས་དགོས། ཐོག་མར་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་ལེགས་པོ་ཡིན་དགོས། ཆབ་སྲིད་ཀྱི་བྱང་ཚད་ནི་ལས་བྱེད་པའི་སྲོག་ཤིང་གི་བྱང་ཚད་ཡིན་ཞིང་། དེར་ཁ་ཕྱོགས་རང་བཞིན་དང་། སྣེ་ཁྲིད་རང་བཞིན། ཐག་གཅོད་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཡོད། དོན་དངོས་ཀྱི་གནས་ཚུལ་ལ་བལྟས་ན། ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་བྱང་ཚད་སྤྱིའི་ཆ་ནས་ལེགས་པོ་ཡིན་པ་དང་། དུས་མཚུངས་སུ་ལས་བྱེད་པའི་དཔུང་ཁག་ནང་ཆབ་སྲིད་ལ་སྣང་མེད་དང་། ཆབ་སྲིད་ལ་སྣང་ཆུང་། ཆབ་སྲིད་ཉམས་ཞན་དུ་གཏོང་བ་བཅས་ཀྱི་སྣང་ཚུལ་ད་དུང་ཚད་ངེས་ཅན་ཞིག་གནས་ཡོད་པ་དང་། འགའ་ཞིག་གི་ཆབ་སྲིད་ཀྱི་འདུ་ཤེས་ཞན་པ། འགའ་ཞིག་ལ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེན་པོ་མེད་པ། ད་དུང་མི་ཉུང་ཤས་ཤིག་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྣང་མེད་དུ་བཞག་ནས་ཤོག་ཁག་སྒྲིག་པ་དང་། ཏང་དང་འབྲེལ་ནས་སྒེར་དོན་གཉེར་བ། རང་གི་ཤ་ཉེ་ཁོ་ན་བསྐོ་གཞག་བྱེད་པ། གནས་སྤར་སྨོན་ལམ་འདེབས་པ་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་གྱིན་ཡོད། ཏང་གི་རྩ་འཛུགས་འགའ་ཞིག་གི་ཆབ་སྲིད་ཀྱི་ནུས་པ་ཇེ་ཆུང་དུ་ཕྱིན་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཇེ་ཆུང་དུ་ཕྱིན་པ། ཆབ་སྲིད་ཐོག་འགོག་སྲུང་མི་བྱེད་པ་དང་། གནད་འགག་དམ་འཛིན་མི་བྱེད་པ་བཅས་ཀྱི་དབང་གིས་ཆབ་སྲིད་ཐོག་གནད་དོན་ཡོད་པའི་མི་ཁ་ཤས་འགོ་ཁྲིད་ཚན་པའི་ནང་གཡོ་འཛུལ་བྱེད་དུ་འཇུག་བཞིན་ཡོད། ལས་བྱེད་པར་ཆབ་སྲིད་ཐོག་གནད་དོན་ཐོན་ནས་ཏང་ལ་གནོད་འཚེ་གཏོང་བ་དེ་རུལ་སུངས་ཀྱི་གནད་དོན་ལས་ཆུང་བ་གཏན་ནས་མིན། གོ་གནས་ཇི་ཙམ་མཐོ་བ་དང་ལས་སྟེགས་ཇི་ཙམ་ཆེ་བ་ཡོད་ན། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གནོད་འཚེ་དེ་ཙམ་ཆེ་བ་བཟོ་བཞིན་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དོ་སྣང་དང་། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་ལས་འགན་ལྕི་མོ་འཁུར་ཐུབ་པའི་ལས་བྱེད་པ་བཟང་པོ་དངོས་སུ་འདེམས་སྤྱོད་དང་། ཆབ་སྲིད་ཐད་གནད་དོན་ཡོད་པའི་མི་སྣ་དུས་ཐོག་ཏུ་ཤེས་རྟོགས་དང་བློ་ཐག་ཆོད་པོས་ཕྱིར་འབུད་བྱས་ཏེ། ལས་བྱེད་པ་བདམས་པའི་ཆབ་སྲིད་ཐོག་བརྟན་པོ་དང་བློས་འཁེལ་བ། བློ་བདེ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
གཉིས་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱ་དགོས་ན། ཐོག་མར་ཆབ་སྲིད་ཀྱི་ཚད་གཞི་དང་སྤྱོད་གཙང་གི་ཚད་གཞི་རྒྱུན་འཁྱོངས་ནན་མོ་བྱ་དགོས། ང་ཚོའི་ཏང་གིས་སྔར་ནས་བཟུང་ཆབ་སྲིད་ཀྱི་ཚད་གཞི་དེ་མི་འདེམས་སྤྱོད་བྱ་རྒྱུའི་ཚད་གཞི་ཨང་དང་པོར་འཛིན་གྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆབ་སྲིད་ཀྱི་ཚད་གཞི་ནི་འགྱུར་མེད་ཀྱི་ཚད་གཞི་ཞིག་ཡིན་ལ། དེ་ནི་སྣ་གཅིག་འགག་སྒྲོལ་མ་ཐུབ་ཚེ་གཞན་དག་ཚང་མ་འགག་སྒྲོལ་མ་ཐུབ་པ་ཞིག་རེད”ཅེས་ནན་བཤད་གནང་། ཆབ་སྲིད་ཀྱི་བྱང་ཚད་ནི་ངོས་འཛིན་རྒྱུ་མེད་ཅིང་སྟོང་པ་ཞིག་མིན་པར་དངོས་ཡོད་དང་། དོན་དངོས་དང་མཐུན་པ། ཚད་གཞི་ཡོད་པ་ཞིག་ཡིན། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་དཔྱད་ཞིབ་གནད་འཁེལ་བྱ་རྒྱུ་ནི་སྔར་ནས་བཟུང་དཀའ་གནད་ཅིག་ཡིན་པ་དང་། ལྷག་པར་དུ་ཆབ་སྲིད་ཐད་ཀྱི་ངོ་གཉིས་མ་ལ་མི་མངོན་པའི་རང་བཞིན་དང་མགོ་རྨོངས་པའི་རང་བཞིན་ཆེན་པོ་ལྡན་ཡོད། དཀའ་གནད་འདི་སེལ་དགོས་ན། གནད་འགག་ནི་ཆབ་སྲིད་ཚད་གཞིའི་ཚན་རིག་གི་ནང་དོན་ཡང་དག་པར་ཁོང་དུ་ཆུད་པ་དང་། ཆབ་སྲིད་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་ཀྱི་ངོ་བོའི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་རྟོག་ཞིབ་ཀྱི་རྟོལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རྣམ་འགྱུར། ཆབ་སྲིད་ཀྱི་གོ་རྟོགས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་གཙོ་གནད་དུ་བཟུང་ནས་རྟོག་ཞིབ་བྱ་དགོས་པ་དང་།“གཏན་ཁེལ་གཉིས”ལ་ངོས་འཛིན་གང་འདྲ་ཡོད་མེད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཁས་ལེན་བྱས་ཡོད་མེད་དང་། དར་ཆ་དེ་བསྒྲེངས་ཡོད་མེད་ལ་བལྟ་དགོས། ཏང་ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་མིན་དང་། བརྩི་བཀུར་བྱེད་མིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བསྔགས་བརྗོད་བྱེད་མིན་བཅས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱེད་མིན་དང་། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱེད་མིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་མིན། གནད་དོན་གལ་ཆེན་ཐད་རིག་པ་དྭངས་གསལ་ཡིན་མིན་དང་། གནད་འགག་གི་དུས་དང་དོན་རྐྱེན་གལ་ཆེན། དཀའ་ཚེགས་ཆེ་བའི་ཁོར་ཡུག་བཅས་ཀྱི་ཁྲོད་ཉམས་སད་ཐེག་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་མིན་དང་། ཆབ་སྲིད་ཐད་བསམ་ཤེས་ཅན་དང་མི་དྲང་པོར་བྱེད་མིན་བཅས་ལ་བལྟ་དགོས། སྤྱོད་གཙང་ཚད་གཞི་གཟབ་ནན་སྒོས་ཁོང་དུ་ཆུད་པ་བྱས་ནས་ཀུན་སྤྱོད་བཟང་པོ་ཡིན་མིན་དང་། སྤྱི་པའི་སྤྱོད་བཟང་སྲུང་མིན། སྒེར་གྱི་སྤྱོད་བཟང་ནན་མོ་ཡིན་མིན་བཅས་ལ་ལྟ་བ་དང་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་བརྩི་སྲུང་ནན་མོ་བྱས་ནས། སྤྱོད་གཙང་སྲིད་ཞུགས་དང་སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་རང་གཅུན། སྤྱོད་གཙང་འགྲིག་མཐུན་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་སྤྱོད་གཙང་གི་ཚད་གཞི་ཞིབ་ཕྲ་དེ་དག་དམ་འཛིན་བྱས་ན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་བྱ་རྒྱུ་གཞི་ནས་གཏིང་ཟབ་མོ་དང་ཏན་ཏིག་བྱེད་ཐུབ།
གསུམ་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམིགས་སུ་བཀར་ནས་ལེགས་པོར་སྲུང་དགོས་ན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམ་སྲུང་བྱེད་པར་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡོད། ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་བྱ་རྒྱུ་དེ་ལས་བྱེད་པའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་རྟོག་ཞིབ་ནན་མོ་དང་། དབྱེ་ཞིབ་ཞིབ་ཚགས། གནད་འགག་དམ་འཛིན་ནན་མོ་བཅས་བྱེད་དགོས། དུས་རྒྱུན་དང་བར་ཐག་ཉེ་བ། རྩ་དོན་ལྡན་པ་བཅས་ཀྱི་སྒོ་ནས་ལས་བྱེད་པ་དང་འབྲེལ་གཏུག་བྱ་རྒྱུར་དོ་སྣང་བྱས་ཏེ་ཁྱོན་ཡོངས་དང་། ཟུར་མང་བ་བཅས་ཀྱི་སྒོ་ནས་ལས་བྱེད་པར་ཤེས་རྟོགས་ཐུབ་པ་བྱེད་དགོས། གླེང་མོལ་རྒྱ་ཁྱབ་དང་ནན་ཏན། ལས་ཡུལ་དངོས་སུ་ཟབ་ཞུགས་བྱེད་པ། སྣུར་སྲིང་དང་རྟོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་བྱེད་པའི་ལས་ཞུགས་སྔོན་དང་རྗེས། མིའི་སྔོན་དང་རྗེས། ཆུ་ཚོད་བརྒྱད་རིང་གི་སྤྱོད་ཚུལ་ངོ་མ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་དགོས། ལས་དོན་ལ་བརྟེན་ནས་མིར་རྟོག་ཞིབ་དང་། ལས་བྱེད་པའི་བྱེ་བྲག་གི་བྱ་བའི་རྣམ་འགྱུར། རྒྱུན་ལྡན་གྱི་རྣམ་འགྱུར། དོན་རྐྱེན་གལ་ཆེན་བྱུང་སྐབས་ཀྱི་རྣམ་འགྱུར་བཅས་ལ་རྒྱུས་ལོན་དང་། དོན་དག་བྱུང་སྐབས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་མིག་མཐོང་ལག་ཟིན་དང་། དམ་འཛིན་བྱེད་ཐུབ་པ་བྱ་དགོས་ལ། ཕྱི་ཚུལ་ཅན་དང་རྣམ་པ་ཅན། གོ་རིམ་ཅན་བཅས་སུ་མི་འགྱུར་བར་བྱ་དགོས། ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། སྣང་ཚུལ་བརྒྱུད་ནས་ངོ་བོར་བལྟ་དགོས་ཏེ། གཏམ་ལ་ཉན་ཞིང་བྱ་སྤྱོད་ལ་དེ་བས་ཀྱང་ལྟ་དགོས་ལ། དེ་དག་ལ་དབྱེ་ཞིབ་ནན་མོ་བྱས་ནས། ཆབ་སྲིད་དང་སྤྱོད་གཙང་ཐད་གནད་དོན་ཡོད་པའི་མི་ལ་ཁ་གཡར་ས་མེད་པར་བཟོ་དགོས་ལ། བདམས་ཐོན་བྱུང་བའི་ལས་བྱེད་པར་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་དུ་འཇུག་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།