དྲི་བ་བརྒྱ་དང་དགུ་བ་སྟེ། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་པར་ཤུགས་སྣོན་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
2023.08.15 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 9

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཉེན་ཁ་འགོག་པ་དང་། འགྲན་སློང་བསུ་བ། གནོན་ཤུགས་འགོག་པའི་ནུས་པ་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་པ། སྣེ་ཁྲིད་དེ་འགན་འཁྲི་འཁུར་བ། དུས་རྒྱུན་དུ་མཐོང་ཐུབ་པ་དང་། གནད་འགག་གི་སྐབས་སུ་ཡར་ལངས་ཕོད་པ། ཉེན་ཁ་དང་དཀའ་ཁག་གི་མདུན་དུ་ཡོད་ཚད་བློས་གཏོང་ཐུབ་དགོས་ཞེས་བསྟན་ཡོད། འདི་ནི་སྐྱོད་ལམ་གསར་བའི་སྟེང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བཀོལ་སྤྱོད་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རླབས་ཆེན་འཐབ་རྩོད་སྤེལ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བདེ་སྡོད་ཉེན་བསམ་གྱི་ཆབ་སྲིད་ཀྱི་རིག་པ་གསལ་བོ་དང་། སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས། འཐབ་རྩོད་བྱེད་ཕོད་པའི་འབད་འབུངས་ཡར་བརྩོན་གྱི་རྣམ་པ་གང་ལེགས་ཀྱིས་མངོན་པར་བྱས་ཡོད།

དང་པོ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་མངོན་གསལ་དོད་པོའི་གཤིས་རྒྱུད་ཅིག་རེད། ང་ཚོ་ཏང་ནི་ནང་རྩོད་ཕྱི་འཁྲུག་གི་ཁྲོད་དུ་དབུ་བརྙེས་པ་དང་། དཀའ་སྡུག་གི་ཁྲོད་འཚར་ལོངས་བྱུང་ཞིང་། མཁྲེགས་གཏོར་དཀའ་སེལ་ཁྲོད་དུ་སྟོབས་ཆེར་སོང་བའི་དབང་གིས་སྟོབས་ལྡན་གྱི་དགྲ་བོར་མི་སྐྲག་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པའི་གཤིས་རྒྱུད་དང་གཤིས་སྤྱོད་སྦྱོང་བརྡར་བྱས་ཡོད། དུས་དང་རྣམ་པ་ཀུན་ཏུ་ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་། བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་སྙིང་སྟོབས། ཁྱད་དུ་འཕགས་པའི་འཐབ་རྩོད་འཇོན་ཐང་སྲུང་འཛིན་བྱས་པའི་དབང་གིས་ང་ཚོ་ཏང་ལ་གཞི་ནས་མེ་སྟག་གིས་རྩྭ་ཐང་བསྲེགས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བྱུང་བ་དང་། གཞི་ནས་ཆར་རླུང་དྲག་པོའི་རྒྱང་སྐྱོད་ལམ་བུའི་སྟེང་དུ་འགག་སྒོ་གཏོར་ནས་དགྲ་བོ་ཁྲི་སྟོང་གི་མཐའ་སྐོར་བ་དང་། རྗེས་འདེད། བཀག་འགོག་སོགས་ལ་ཕྱིར་རྒོལ་ལན་སློག་ཐུབ་པ་བྱུང་བ་དང་། གཞི་ནས་“སྟོབས་ཤུགས་ཆུང་ཡང་སྙིང་སྟོབས་ཆེན་པོ”ཡིས “སྟོབས་ཤུགས་ཆེ་ཡང་སྙིང་སྟོབས་ཆུང་བ”ལས་རྒྱལ་ཐུབ་པ་བྱུང་ཏེ། དྲག་ཆས་ལ་བརྟེན་ནས་ཕ་རོལ་པོ་ཕམ་པར་བྱས་ཤིང་། གཞི་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡོལ་བ་ཆེན་པོ་ཕྱེས་པར“ཟུངས་ཁྲག་དྲོན་མོའི་ལམ་བུ་ཞིག་བཏོད”ཡོད།

ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོ་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། པྲོག་གསར་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱས་ནས་ཀྲུང་ཧྭ་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་བསྐྱོད་ཐུབ་ཡོད། ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་མེད་ན། དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མེད་ཅེས་བརྗོད་ཆོག འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་ནི་གུང་ཁྲན་ཏང་མིས་བདེན་དོན་རྒྱུན་འཁྱོངས་དང་། འགན་འཁྲི་འཁུར་ཕོད་པའི་ཆེས་རྩ་ཆེ་བའི་བསམ་པའི་གཤིས་རྒྱུད་ཅིག་ཡིན་པ་དང་། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་གལ་ཆེན་ཁྱད་བསད། འགལ་བ་གཙོ་བོ་ཐག་གཅོད་བྱེད་པ་བཅས་ནི་དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ལ་རྒྱལ་ཁ་གསར་པ་མུ་མཐུད་དུ་བརྩོན་ལེན་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་རེད། ང་ཚོ་གུང་ཁྲན་ཏང་མིས་བདེན་དོན་གྱི་ཆེད་དུ་འཐབ་རྩོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་འཐབ་རྩོད་བྱེད་ཕོད་པའི་གཤིས་རྒྱུད་དང་། ལ་རྒྱ། ཀུན་སྤྱོད། སྙིང་སྟོབས། ལོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་འདྲེ་ལ་མི་སྐྲག་པ། གནོན་ཤུགས་ལ་མི་སྐྲག་པ་སྲུང་འཛིན་བྱས་ནས་འཐབ་རྩོད་ཀྱི་བློ་སྤོབས་ཇེ་བརྟན་དང་། འཐབ་རྩོད་ཀྱི་འཇོན་ཐང་ཇེ་དྲག་ཏུ་བཏང་སྟེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

གཉིས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་དྲག་ཏུ་གཏོང་རྒྱུ་དེ་ནི་ལས་བྱེད་པ་སྦྱོང་བརྡར་དང་ནར་སོན་ཁྲོད་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ནི་ལྷན་སྐྱེས་སུ་ཡོད་པ་ཞིག་མིན། འགོ་ཁྲིད་ལས་བྱེད་པར་བསམ་བློའི་ཐོག་ནས་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་ཐོག་ནས་སྦྱོང་བརྡར། ལག་ལེན་གྱི་སྟེང་སྦྱོང་བརྡར་ནན་མོ་བཅས་བྱས་ཏེ། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་ཆར་རླུང་བརྒྱུད་པ་དང་། མཐོང་རྒྱ་སྐྱེད་པ། སྙིང་སྟོབས་རྒྱས་པར་བྱས་ནས་མེ་ལྕེའི་ཁྲོད་བཙོ་སྦྱངས་བྱས་པའི་གསེར་ངོ་མ་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས། དེང་སྐབས། ང་ཚོ་ལས་བྱེད་པའི་དཔུང་སྡེ་སྤྱིའི་ཆ་ནས་ལེགས་པོ་ཡིན་མོད། འོན་ཀྱང་རིག་པ་གསལ་བོས་ངོས་འཛིན་བྱེད་དགོས་པ་ཞིག་ལ།“ཉམས་སད་ཆེན་པོ་བཞི་”དང་“ཉེན་ཁ་རིགས་བཞི”ཡི་མདུན་དུ་ལས་བྱེད་པ་ཁག་ཅིག་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་ཁག་ཅིག་ལ་ད་དུང་འཐབ་རྩོད་ཀྱི་སྙིང་སྟོབས་མི་འདང་བ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཞན་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེན་པོ་མེད་པའི་གནད་དོན་གནས་ཡོད། ལ་ལ་ཞིག་ལ“རུས་པའི་ཕྲུམ་ནད”བྱུང་ནས་འཐབ་རྩོད་བྱེད་འདོད་མེད་པ། ལ་ལ་ཞིག“སྐྲག་སྣང་སྐྱེས”ནས་འཐབ་རྩོད་བྱེད་མི་ཕོད་པ་དང་། ལ་ལ་ཞིག་ལ“ནུས་པ་མེད”པས། འཐབ་རྩོད་བྱེད་ཤེས་ཀྱིན་མེད་པ་རེད། དྲོད་ཁང་ནང་དུ་དགུང་ལ་ཟུག་པའི་ཤིང་སྡོང་སྐྱེས་མི་ཐུབ་པ་དང་། སྒྱིད་ལུག་མཁན་གྱིས་བྱ་གཞག་ཆེན་པོ་འགྲུབ་མི་ཐུབ། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་མཆོངས་པ་དང་། ཆེས་མདུན་ཕྱོགས་སུ་འཐབ་རྩོད་ལ་ཞུགས་དགོས་པ་དང་། ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པའི་སྒལ་ཚིགས་སྲ་མོ་དང་། ཕྲག་པ་སྲ་མོ། ནུས་པ་ངོ་མ་བཅས་སྦྱོང་བརྡར་བྱེད་དགོས། ལྷག་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་གསོ་སྐྱོང་དང་། འཐབ་རྩོད་ཀྱི་བློ་སྤོབས་སྦྱོང་བརྡར་བྱེད་དགོས་ན། དོན་དག་ལ་འཕྲད་ཚེ་རལ་གྲི་འཕྱར་ཕོད་པ་དང་།  འགལ་བ་དང་གདོང་གཏུག་གི་མདུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ཕོད་པ། ཉེན་ཁ་དང་དཀའ་ངལ་གྱི་མདུན་དུ་དཔའ་ངར་ཆེན་པོས་གདོང་གཏོད་ཐུབ་པ། བྱ་ངན་སྤྱོད་ངན་གྱི་མདུན་དུ་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་ཕོད་པ། བྱ་སྤྱོད་དངོས་ཀྱི་སྟེང་ནས་སྐྱོད་ལམ་གསར་བའི་སྟེང་འབད་པས་སྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས།

གསུམ་པ། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་རྒྱུ་དེ་ནི་རླབས་ཆེན་འཐབ་རྩོད་ཀྱི་དགོས་གལ་ཆེན་པོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་དཀའ་ཚེགས་ཆེ་ལ་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་ཞིག་ཡིན་པ་དང་། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་ཞིག་མ་ཡིན་པར་དུས་ཡུན་ཤིན་ཏུ་རིང་བོར་གནས་རྒྱུ་ཡིན་པ་དང་། དེ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་དུ་གནས་རྒྱུ་རེད། དེང་སྐབས། འཛམ་གླིང་དུ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་མགྱོགས་མྱུར་གྱིས་འབྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོས་གདོང་གཏོད་དགོས་པའི་ཉེན་ཁ་དང་ཉམས་སད་ནི་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་པ་དང་། ཐ་ན་བློ་ཡུལ་དུ་འཆར་དཀའ་བའི་རྦ་རླབས་འཇིགས་སུ་རུང་བ་དང་ཡང་འཕྲད་སྲིད། རང་འགུལ་ངང་མདུན་སྐྱོད་བྱས་ཚེ་གཞི་ནས་གསོན་པའི་ལམ་ཡོད་པ་དང་། འཐབ་རྩོད་མཐའ་གཅིག་ཏུ་བྱས་ཚེ་གཞི་ནས་ལ་རྒྱ་ཐོབ་པ་དང་འཕེལ་རྒྱས་དོན་གཉེར་བྱེད་ཐུབ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་དེ་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། ལས་བྱེད་པར་དཔྱད་ཞིབ་དང་རྟོག་ཞིབ་བྱེད་པའི་ཕྱོགས་གལ་ཆེན་ཞིག ལས་བྱེད་པ་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག ལས་བྱེད་པའི་དོ་དམ་དང་ལྟ་སྐུལ་གྱི་གཅུན་འདོམས་གལ་ཆེན་ཞིག ལས་བྱེད་པར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་ཆ་རྐྱེན་གལ་ཆེན་ཞིག་བཅས་ལ་བརྩིས་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་མངོན་གསལ་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རླབས་ཆེན་འཐབ་རྩོད་སྤེལ་བའི་འདོད་བློ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།