དྲི་བ་བརྒྱ་དང་བཅུ་གཅིག གཞི་རིམ་ལ་ཤུགས་ཆེན་པོས་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་བ་དེ་ཏང་གི་འགོ་ཁྲིད་ལེགས་པོ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་པའི་དོན་ཅི་ཡིན་ནམ།
2023.08.15 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ལས་གཞི་རིམ་ལ་ཤུགས་ཆེན་པོས་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་དག་ཐེར་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་ལེགས་པོ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་ཞེས་བསྟན་ཡོད། བླང་བྱ་གལ་ཆེན་འདིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་ཆོད་དོན་ལག་ལེན་དོན་འཁྱོལ་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་བྱེད་ནུས་དང་ངེས་གནས་དམིགས་སུ་བཀར་ནས་ནན་བཤད་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་འདོན་སྤྲོད་བྱས་ཡོད།

དང་པོ། དེ་ནི་ཏང་གི་རྩ་འཛུགས་མ་ལག་གཟབ་ནན་དུ་གཏོང་བ་དང་ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཚགས་དམ་པའི་རྩ་འཛུགས་མ་ལག་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཁྱད་སྟོབས་གནས་ས་དང་སྟོབས་ཤུགས་གནས་ས་རེད། ང་ཚོའི་ཏང་གིས་ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚུད་པའི་རྩ་འཛུགས་མ་ལག་དམ་པོ་བཙུགས་ཡོད་ཅིང་། དེའི་ནང་དུ་གཞི་རིམ་ཏང་རྩ་འཛུགས2021ལོའི་ལོ་མཇུག་ཏུ་ས་ཡ་བཞི་དང་འབུམ་དགུ་ཁྲི་གསུམ་སྟོང་དྲུག་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་གི་སྲིད་ཏང་གཞན་དག་གང་ཞིག་ལའང་མེད་པའི་ཁྱད་སྟོབས་ཆེན་པོ་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་སྲིད་སྐྱོང་ཐོག་ཁང་གི་ས་རྨང་རྡོ་ལྟ་བུ་དང་། ཏང་གི་བྱ་བ་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པས། གཞི་རིམ་གྱི་ཏང་རྩ་འཛུགས་ལ་གསོན་ཤུགས་ཡོད་པ་དང་། ཏང་ཡོན་གྱིས་ནུས་པ་ཐོན་ན། ཏང་གི་རྨང་གཞི་གཞི་ནས་བརྟན་པོ་ཡོང་ཐུབ་པ་དང་། ཏང་ལ་གཞི་ནས་འཐབ་འཛིང་གི་སྟོབས་ཤུགས་ཡོང་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དེ་རྒྱང་རིང་གི་ཐབས་ཇུས་དང་རྩ་བ་ཇེ་བརྟན་དུ་གཏོང་བའི་ཐབས་ཇུས་ལ་བརྩིས་ནས། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། སྨན་ཁང་། ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ་དང་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་སྲིང་ངང་བཅོས་སྒྲིག་བྱས་པས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ། པྲོག་གསར་རིམས་ནད་སོགས་ཚོད་བགམ་ཆེན་པོའི་ཁྲོད་ཏང་གི་རྩ་འཛུགས་ཀྱི་ཁྱད་སྟོབས་དང་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ཤུགས་ཆེན་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དང་ཇེ་ལེགས་སུ་བཏང་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞི་གཞི་ནས་སྔར་ལས་བརྟན་པོ་ཡོང་ཐུབ་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་གཞི་ནས་སྔར་ལས་བརྟན་པོ་ཡོང་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་ནུས་ལྡན་བྱུང་ཡོད།

གཉིས་པ། འདི་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཞི་རིམ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་གཟུགས་གཞིའི“དབང་རྩའི་མཇུག་སྣེ”ལྟ་བུ་ཡིན་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཆེས་མཇུག་མཐའི་སྤྱི་ལེ་གཅིག”ལྟ་བུ་ཡིན་པས། འགག་གནས་གཤོང་བ་དང་སྣེ་ཚིགས་སྦྲེལ་ན། ད་གཟོད་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བཅས་ལ་དམ་པོར་དམིགས་ནས། ཁྱབ་ཁོངས་གཅིག་རེ་ནས་གཅིག་རེ་བྱས་ཏེ་འགག་སྒྲོལ་ལ་ཞིབ་འཇུག་དང་། ཕྱོགས་རེ་རེ་ནས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཡོད། དུས་མཚུངས་སུ་མཐོང་དགོས་པ་ཞིག་ལ། ཁྱབ་ཁོངས་ཁ་ཤས་སུ་ཏང་གི་འགོ་ཁྲིད་གཞི་རིམ་དུ་དོན་འཁྱོལ་བྱེད་པར་ད་དུང“སྣེ་གཅོད་ལམ་བུ”མི་ཉུང་བ་ཞིག་ཡོད་པ་དང་། གསར་དར་ཁྱབ་ཁོངས་སུ་ཏང་གི་རྩ་འཛུགས་ཁྱབ་ཚད་དང་། བྱ་བའི་ཁྱབ་ཚད་དུ་ད་དུང་སྟོང་ཆ་མི་ཉུང་བ་དང་རྨོངས་ཁུལ་མི་ཉུང་བ་ཞིག་ཡོད། ཞིང་སྡེ་དང་སྡེ་ཁུལ་ཁ་ཤས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་གཞི་རིམ་བཅོས་སྐྱོང་བྱེད་ནུས་ཆེན་པོ་མེད་པ་བཅས་རེད། གནད་དོན་འདི་དག་ལ་དམིགས་ཏེ། ལྟེ་གནས་གཤམ་ལ་སྤོ་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས་དང་། སྒྲིག་སྲོལ་མཐུན་སྦྱོར་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྩ་ལམ་གཤོང་བ། ཚིགས་བདེ་ཡོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས།

གསུམ་པ། འདི་ནི་ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་རེད། གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཆེས་མཐའ་གནས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་གནས་ཡིན། ཏང་གི་བྱ་བའི་ཆེས་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཀྱིས་གཞི་རིམ་ལ་འདེགས་སྐྱོར་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ཀྱི་ཆེས་འབུར་དུ་ཐོན་པའི་འགལ་བ་དང་གནད་དོན་ཡང་གཞི་རིམ་དུ་གནས་ཡོད། མཁར་གྲོང་དང་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་། རྩ་འཛུགས་ཀྱི་རྣམ་པ། བཅོས་སྐྱོང་གི་ཁོར་ཡུག་བཅས་ཀྱི་འགྱུར་ལྡོག་ཟབ་མོ་དང་བསྟུན་ནས། ཏང་རྩ་འཛུགས་ཀྱི་རིམ་པ་གཅིག་མཚུངས་རྩ་འཛུགས་ཁྲོད་ཀྱི་འགོ་ཁྲིད་ཀྱི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་རྩ་འཛུགས་ཀྱི་འབྲེལ་ཐག་མཁར་གྲོང་གི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོར་མཆེད་པར་བྱེད་པ། ཏང་གི་རྩ་འཛུགས་དང་བྱ་བ་ཕྱོགས་ཡོངས་ནས་མངོན་འགྱུར་ནུས་ལྡན་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་སྣ་ཚོགས་གང་མགྱོགས་ཀྱིས་ཁ་གསབ་བྱེད་པ། ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་འཁུར་བ། རིགས་སོ་སོའི་རྩ་འཛུགས་ལ་མཐུན་སྦྱོར་ཡག་པོ་བྱེད་པ། མང་ཚོགས་རྒྱ་ཁྱབ་སྒོས་ཟབ་ཞུགས་བྱེད་པ་བཅས་རྩ་འཛུགས་བྱས་ཏེ། རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་རྩ་འཛུགས་སོ་སོས་རང་འགུལ་སྒོས་ཏང་གི་འདོད་བློ་སྣེ་ཁྲིད་བྱས་ནས། གཞི་རིམ་བཅོས་སྐྱོང་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པ་ཁག་ཐེག་བྱ་དགོས།

བཞི་པ། འདི་ནི་ང་ཚོའི་ཏང་གིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་དེར་ཞབས་འདེགས་ཞུ་བའི་ཐབས་ལམ་གལ་ཆེན་ཞིག་རེད། གཞི་རིམ་གྱི་ཏང་རྩ་འཛུགས་དང་མང་ཚོགས་བར་ཐག་ཆེས་ཉེ་བ་དང་། འབྲེལ་འདྲིས་ཆེས་ཟབ་པ། འབྲེལ་འདྲིས་ཆེས་རྒྱ་ཆེ་བ་བཅས་ཡིན་པས། ཏང་གིས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི“སྦྲེལ་ཚུགས”ཡིན་ལ། མང་ཚོགས་ཐད་ཀར་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུར་འགྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་འཁུར་ཡོད། མིག་སྔར། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་ཡོད། མི་དམངས་ཀྱིས་དངོས་པོ་དང་རིག་གནས་ཀྱི་འཚོ་བར་བླང་བྱ་སྔར་ལས་མཐོ་བ་འདོན་པ་མ་ཟད། དམངས་གཙོ་དང་ཁྲིམས་ལུགས། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཡང་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། འདིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་ཐད་དུ་བརྩེ་བ་མང་པོ་སྤྱོད་པ་དང་། མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་གཏོང་པའི་ཐད་དུ་བསམ་བློ་མང་ཙམ་གཏོང་བ། མང་ཚོགས་རྩ་འཛུགས་དང་གོང་བུར་འགྲིལ་བར་བྱེད་པའི་ཐད་དུ་ཤུགས་རྒྱག་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་བཅས་ཕན་ནུས་ལྡན་པའི་ངང་རྩ་འཛུགས་བྱེད་པ། རྒྱ་ཆེ་བའི་མི་དམངས་མང་ཚོགས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།