སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པའི་སྙན་ཞུའི་ལས་ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱ་དགོས་ཞེས་ནན་བཤད་གནང་ཡོད། ཆོད་གཏམ་འདིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཁྲོད་གཞོན་ནུའི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་གོ་གནས་གསལ་སྟོན་ཟབ་མོ་བྱས་ཡོད་པ་དང་། སྐྱོད་ལམ་གསར་པའི་སྟེང་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
དང་པོ། གཞོན་ནུའི་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རྒྱུན་འཛིན་བྱེད་མཁན་དང་དར་རྒྱས་གོང་འཕེལ་བྱེད་པར་ཐད་ཀར་འབྲེལ་བ་ཡོད། གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་ན་རྒྱལ་ཁབ་སྟོབས། གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཕུགས་བསམ་ཆེན་པོ་ལྡན་པས། ཁོ་ཚོ་ནི་མ་འོངས་པའི་འགོ་ཁྲིད་པ་དང་འཛུགས་སྐྲུན་མཁན་ཡིན། གཞོན་ནུའི་མི་རབས་ཀྱི་ཕུགས་བསམ་དང་དད་སེམས། བསམ་པའི་འཁྱེར་ཕྱོགས་དང་ཕྱོགས་བསྡུས་བྱང་ཚད་བཅས་ནི་རྒྱལ་ཁབ་ཅིག་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཅིག་གི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། གཞོན་ནུ་རྣམས་ལ་ཕུགས་བསམ་དང་འགན་འཁྲི་ཡོད་ཚེ། རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡོད། དེས་གཞོན་ནུའི་ལས་དོན་ནི་སྤྱིར་བཏང་གི་ལས་དོན་ཞིག་གཏན་ནས་མིན་པར། དེ་ནི་གསར་བརྗེའི་སྲིད་དབང་གི་རང་མདངས་ནམ་ཡང་མི་འགྱུར་བ་དང་། ཏང་གི་ལས་དོན་གཅིག་རྒྱུན་གཅིག་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་ཐག་གིས་བཅད་ཡོད། འདས་སོང་དང་ད་ལྟ། མ་འོངས་པ། དུས་ནམ་ཡང་གཞོན་ནུའི་ལས་དོན་ནི་ཏང་གི་ལས་དོན་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན། གཞོན་ནུའི་ལས་དོན་བཟང་པོར་བསྒྲུབས་ཚེ། ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་བར་འཛད་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་ལྡན་ལ། འོད་སྟོང་འབར་བའི་མདུན་ལྗོངས་ཆེན་པོ་ཡང་ལྡན་པ་རེད།
གཉིས་པ། གཞོན་ནུའི་ལས་དོན་ལ་མཐོང་ཆེན་བྱེད་པ་ནི་ང་ཚོའི་ཏང་གི་ཉམས་མྱོང་རྩ་ཆེན་དང་སྲོལ་རྒྱུན་བཟང་པོ་ཞིག་ཡིན། རྒྱ་ཆེའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུའི་ཡིད་འགུག་པ། རྒྱ་ཆེའི་གཞོན་ནུར་རྟེན་པ་བཅས་ནི་ང་ཚོའི་ཏང་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་དོ་ཁུར་གྱི་མིག་རྒྱང་གཞོན་ནུ་རྣམས་ལ་ཕྱོགས་པ་དང་། གསར་བརྗེའི་རེ་བ་གཞོན་ནུ་རྣམས་ལ་བཅོལ་ཡོད། ཏང་གི་ཚོགས་ཆེན་ཐེངས་དང་པོའི་སྟེང་གཞོན་ནུ་ཚོགས་པ་འཛུགས་པ་དང་འཕེལ་རྒྱས་གཏོང་བ་དེ་ཏང་གི་གྲ་སྒྲིག་སློབ་གྲྭའི་གནད་དོན་དུ་འཛིན་པར་ཆེད་དུ་ཞིབ་འཇུག་བྱས་པ་རེད། 1922ལོའི་ཟླ5བའི་ཚེས5ཉིན། ཏང་གིས་ཐད་ཀར་དུ་ཐུགས་ཁུར་དང་འགོ་ཁྲིད་གནང་འོག ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་པ་ཁྱབ་བསྒྲགས་བྱས། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཏང་གིས་དུས་དང་རྣམ་པ་ ཀུན་ཏུ་གཞོན་ནུར་ཚད་མཐོའི་མཐོང་ཆེན་དང་། གཞོན་ནུར་ཐུགས་ཁུར། གཞོན་ནུར་ཡིད་ཆེས་བཅས་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་ཚོར་ཡིད་ཆེས་བརྟན་པོ་དང་ཏང་གི་རྗེས་སུ་འབྲང་བར་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་བརྩོན་ལེན་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་བ་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་གཞོན་ནུ་ཇི་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་གཞོན་ནུ་ཇི་ལྟར་སྐྱེད་སྲིང་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་སྟེ། གཞོན་ནུའི་ལས་དོན་དམ་འཛིན་ནན་མོ་བྱས་པ་དང་། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་བསམ་ཕྱོགས་གཅིག་མཐུན་གྱི་ཕུགས་བསམ་དད་སེམས་འཛུགས་པ་དང་། དུས་རབས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ། སྟོབས་གསར་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དང་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དེ་མི་རབས་ནས་མི་རབས་བར་གྱི་ཕུགས་བསམ་ལྡན་པའི་གཞོན་ནུ་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཕུལ་བ་དང་འབྲལ་ཐབས་མེད་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད།
གསུམ་པ། དུས་རབས་གསར་པའི་གཞོན་ནུ་རྣམས་ལ་འཕྲད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་བར་དོན་སྙིང་གལ་ཆེན་ལྡན་པ་རེད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ནི་སྔར་ལས་རང་སྟོབས་རང་སྤེལ་བྱེད་པ་དང་། སྔར་ལས་བསམ་གཞིགས་ཀྱི་སྙིང་སྟོབས་ཡོད་པ། སྔར་ལས་སྐྱེ་སྟོབས་ཀྱིས་ཁེངས་པ། གསར་གཏོད་དང་གསར་སྐྲུན་བྱེད་ཕོད་པ་བཅས་ལྡན་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ཀྱི་ཤུགས་རྐྱེན་དངོས་ལའང་ཐུག་ཡོད་པས། ཕུགས་བསམ་དང་དོན་དངོས། རིང་ལུགས་དང་གནད་དོན། རང་ཕན་དང་གཞན་ཕན། བྱེ་བྲག་དང་སྤྱི་ཡོངས། མི་རིགས་དང་འཛམ་གླིང་སོགས་ཀྱི་ཕྱོགས་སུ་བསམ་བློའི་དཀའ་གནད་ལ་ཐུག་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། སློབ་གསོ་དང་ཁྲིད་སྟོན་ལ་སྔར་ལས་གཏིང་ཟབ་དང་ཞིབ་ཚགས་ལྡན་དགོས། དམིགས་ཡུལ་ལྡན་པའི་སྒོ་ནས་གནད་དོན་དེ་དག་ཐག་གཅོད་བྱས་ཏེ། རྒྱ་ཆེའི་གཞོན་ནུ་རྣམས་ཕུགས་བསམ་ལྡན་པ་དང་། འཁུར་ལེན་ཕོད་པ། སྡུག་རུས་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འཚར་ལོངས་འབྱུང་བར་རོགས་རམ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞོན་ནུ་རྣམས་མཐུན་སྒྲིལ་དང་། རྩ་འཛུགས། སྐུལ་སློང་བཅས་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས་ཤིང་། དེ་ནི་སྐྱོད་ལམ་གསར་བའི་ཐོག་གཞོན་ནུའི་ལས་དོན་ཡག་པོར་སྒྲུབ་པར་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་ཏང་གི་ལས་དོན་ལ་རྒྱུན་འཛིན་བྱེད་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདིར་གཞི་ཚུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་འདི་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་ཆེན་པོ་ཡོད་པའི་སྒོ་ནས་གཞོན་ནུའི་ལས་དོན་ཡག་པོར་སྒྲུབ་པ་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུ་ཚོར་དྲག་ཆས་སྤྲས་དགོས་ལ་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྟེན་ནས་གཞོན་ནུའི་ཡིད་འགུག་པ། གཞོན་ནུ་གྲོགས་པོ་ཚོའི་བློས་ཐུབ་གྲོགས་པོ་དང་། གཞོན་ནུའི་ལས་དོན་གྱི་ལྷག་བསམ་མི་སྣ། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་པ། ཡིད་ལ་ཕུགས་འདུན་བཅངས་ཏེ་གོམ་པ་བརྟན་པོར་བགྲོད་པ། བསམ་ཕོད་སྒྲུབ་ཕོད་པ་དང་ལས་མཁས་སྒྲུབ་མཁས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བཀྲག་མདངས་འཚེར་བའི་ལང་ཚོའི་མེ་ཏོག་བཞད་དུ་འཇུག་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།