ཁ་གྱའི་བོད་སྨན་ཕན་བདེའི་དཔྱིད་དུ་སྨིན།  
2023.08.17 ཁུངས། ཀློག་གྲངས། 149

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་བ་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ།  ཁ་གྱའི་བོད་སྨན་ཕན་བདེ་དཔྱིད་དུ་སྨིན་ཞེས་པ་དེ་ཅིག་བཤད།

སྙན་སྒྲོན་པ།དབྱར་ཟླ་བདུན་པའི་ཀན་ལྷོའི་མཛེས་ལྗོངས་ཀྱིས་ཕྱོགས་ཀྱི་མགྲོན་པོ་རྣམས་ལ་དགའ་བདེའི་སྣང་བ་ཞིག་དབང་མེད་དུ་འཕེལ་བར་བྱེད་ཅིང་། ང་ཚོ་ཞོགས་པའི་ཆར་ཟིམ་དེའི་ཁྲོད་དུ་ལྷིང་ཞིང་འཇགས་པའི་གནའ་བོའི་གཙོས་གྲོང་ཁྱེར་དང་བྲལ་ནས།   ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིར་སོང་ནས་ཀུང་ཟི་དེའི་འཕེལ་འགྱུར་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་ཡིན།       རྒྱུས་ལོན་བྱུང་བ་ལྟར་ན།  སྤྱི་ལོ་ཉིས་སྟོང་དགུ་ལོའི་ཟླ་བཅུ་བར་ཀུང་ཟི་དེ་དངོས་སུ་བཙུགས་པ་ནས་བཟུང་། བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་རྒྱུ་དེ་འགན་འཁྲི་ཞིག་ཏུ་བརྩིས་ཏེ།  གཞུང་ལུགས་ཚད་ལྡན་དང་སྤུས་ལེགས་ངོས་གཙང་གི་ལས་ལ་གཞོལ་ནས། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིགས་དང་བོད་སྨན་གྱི་རིགས་པའི་གཞུང་ལུགས། ནད་ཐོག་ལག་ལེན་གང་ལེགས་བྱེད་པའི་རྨང་གཞིའི་ཐོག  བོད་སྨན་ཞིབ་འཇུག་དང་གསར་སྤེལ་གྱི་ལས་དོན་སྤེལ་མུས་སུ་མཆིས་ལ།   བོད་སྨན་སྦྱོར་བཟོ་བྱེད་རྒྱུ་དེ་སྔར་ལས་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཅན་དུ་གཏོང་བ། སྲོལ་རྒྱུན་གྱི་བོད་སྨན་སྦྱོར་བཟོ་དེས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་སྔར་ལས་ཡག་པོར་སྒྲུབ་ཆེད། ཀུང་ཟི་དེས་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་ནས། སྨན་བཅོས་དང་སྨན་བཟོ་ལག་རྩལ། བོད་སྨན་གསར་སྤེལ་དང་གསར་གཏོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོར་མཛུབ་ཁྲིད་ནན་ཏན་བྱས་པ་དང་། དེ་མིན་ཀུང་ཟི་དེས་ཞིང་ཆེན་ཕྱི་ནང་གི་དེང་རབས་ཚན་ཞིབ་ལས་ཁུངས་དང་ཕན་ཚུན་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ལ་མཐོང་ཆེན་བྱས་ནས།  མཉམ་འབྲེལ་གྱིས་བོད་སྨན་ཞིབ་འཇུག་དང་གསར་བཟོ་བྱས་པས་དགའ་འོས་པའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཀུང་ཟི་དེའི་གསོ་རིག་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སྔ་ཕྱི་བར་གསུམ་དུ་བདག་པས་གཞན་གཅེས་དང་ཕན་བདེའི་རྩ་བ།  ཉམ་ཐག་ནད་པ་ཀུན་ལ་རོགས་རམ་བྱེད་པ་བཅས་ཀྱི་འདུ་ཤེས་བཟུང་སྟེ། སྤྱི་ཕན་དགེ་སྒྲུབ་ཀྱིས་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཟི་བརྗིད་དུ་བརྩིས་ནས།   ཉེ་འཁོར་གྱི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་དག་གི་མི་སྣ་ཁག་ཅིག་ལས་ཞུགས་བྱེད་དུ་བཅུག་ནས་ཁོ་ཚོའི་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ། དབུལ་ཐར་ཕྱུག་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཅི་ནུས་ཀྱིས་རོགས་རམ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ནད་པ་དབུལ་བོར་སྨན་རིན་མི་ལེན་པར་སྨན་བཅོས་བྱས་པ་སོགས་ལོ་རེར་བྱམས་བརྩེ་ནད་བརྟག་སྨན་སྦྱིན་གྱི་དགེ་བའི་སྣང་བ་དཀར་པོས་ས་གནས་མི་དམངས་མང་ཚོགས་ཀྱི་ལུས་སེམས་གཉིས་ལ་བདེ་སྐྱིད་ཀྱི་དྲོད་སྣང་སྦྱིན་བཞིན་འདུག   གནས་ཚུལ་དེའི་སྐོར་ནས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྨན་སྦྱོར་ཁང་གི་ཀྲུའུ་རིན་ལྕགས་བྱམས་རྒྱལ་གྱིས་མཚམས་སྦྱོར་ཐུང་ངུ་ཞིག་འདི་ལྟར་བྱས།

ང་ཚོའི་ཁ་གྱའི་བོད་སྨན་ཡིན་ན་བོད་སྨན་ཁང་ཞིག་དང་ཀུང་ཟི་ཞིག་བཅས་གཉིས་ཡོད་ནི་རེད།  ང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་ལག་རྩལ་གཉིས་ཟུང་འབྲེལ་བྱས་ནས་བོད་སྨན་ཐོན་སྐྱེད་བྱེད་བཞིན་ཡོད། བོད་སྨན་ཐོན་སྐྱེད་བྱས་ནས་ཁྱད་ཆོས་ཅན་གྱི་བོད་སྨན་ལ་ཀྲུང་གོའི་གསོ་རིགས་མཐུན་ཚོགས་ཀྱིས་བྱ་དགའ་གནང་མྱོང་། ན་ནིང་ང་ཚོས་གོང་རིམ་འགོ་ཁྲིད་ཀྱི་འོག་ནས་ནད་ཡམས་ཀྱི་སྐབས་སུ་སྨན་སྦྱིན་མང་པོ་བཏང་བ་ཡིན། སྡོམ་རྩིས་བྱས་ན་སྒོར་མོ་བྱེ་བ་གཉིས་ལྷག་བཏང་འདུག  དེ་མིན་ལོ་རེ་བཞིན་དུ་བྱམས་བརྩེ་ནད་བརྟག་གི་སྨན་སྦྱིན་ཡང་གཏོང་བཞིན་ཡོད། དེ་མིན་ཉེ་འཁོར་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་ང་ཚོའི་ཀུང་ཟིའི་ནང་བསྡུས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རོགས་སྐྱོར་བྱེད་བཞིན་ཡོད།

སྙན་སྒྲོན་པ།  བོད་སྨན་ཁྲོམ་རའི་ཚོང་གཉེར་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་བ་དང་། ཁེ་ལས་ཀྱི་ཁེ་སྤོགས་མངོན་འགྱུར་བྱེད་རྒྱུ་དེ་ཁེ་ལས་གང་ཞིག་གཉེར་སྐྱོང་བྱེད་པའི་དམིགས་ཡུལ་ཡིན་ལ། ཁེ་ལས་གཉེར་སྐྱོང་ལ་གཞི་ཚུགས་པའི་གཞི་རྩའི་འགན་ལེན་ཞིག་ཀྱང་ཡིན། ཀུང་ཟི་དེའི་འགོ་ཁྲིད་པས་ཐོག་མཐའ་བར་གསུམ་དུ་ཁེ་སྤོགས་དང་ཕན་འབྲས་དེ་འཕེལ་རྒྱས་འཁོར་སྐྱོད་ཀྱི་དམིགས་འབེན་གལ་ཆེན་དུ་བརྩིས་ནས་ནམ་རྒྱུན་དུ་བོད་སྨན་ཁྲོམ་ར་གསར་སྤེལ་དང་རྒྱ་སྐྱེད་གཏོང་རྒྱུར་གཞོལ་བཞིན་ཡོད།  མིག་སྔར་ཀུང་ཟིས་ཐོན་སྐྱེད་བྱས་པའི་ཁ་གྱའི་བོད་སྨན་གྱི་བོད་སྨན་སྡེབ་སྦྱོར་དང་འཕྲོད་སྦྱོར་ཐོན་རྫས་སོགས་མི་རིགས་གསོ་རིག་གི་སྨན་རྫས་ཀྱིས་ཁྲོམ་རའི་ཚད་ངེས་ཅན་ཞིག་ཟིན་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པས།  གོང་རིམ་སྲིད་གཞུང་གིས་གདེང་འཇོག་གང་ལེགས་དང་མི་དམངས་མང་ཚོགས་ཀྱིས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།   དེའི་སྐོར་ནས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་བོད་སྨན་ཁང་གི་གཙོ་བཅོས་སྨན་པ་རྣམ་ཕྱུག་ཚེ་རིང་གིས་འདི་ལྟར་བཤད།

ད་ལོར་མཚོན་ན་ང་ཚོའི་སྨན་ཁང་གི་དཀྱོག་མཚམས་ཀྱི་ལོ་ཞིག་ཡིན་པར་མ་ཟད་བར་བརྒལ་གྱི་ལོ་ཞིག་ཡིན་ཞེས་བཤད་ཀྱང་ཆོག རྒྱུ་མཚན་ནི་ད་ལོར་ང་ཚོའི་སྨན་ཁང་གིས་རྒྱ་ཆེ་བའི་ནད་པ་དང་རིགས་སོ་སོའི་མི་རིགས་ཁག་གི་དགོས་མཁོ་དང་རེ་འདུན་ལྟར་དུ་དྲ་ལམ་བཞི་བཅུ་ཁག་ནས་ནད་པར་སྨན་སྤྲོད་པའི་སྤྱི་ཆིངས་བཞག་པར་མ་ཟད། གཚོས་གྲོང་ཁྱེར་སྲིད་གཞུང་དང་མཉམ་དུ་ཕྱོགས་སོ་སོ་ནས་ནད་པར་སྨན་བཅོས་བྱེད་འགོ་བརྩམས་པས་ནད་པ་སྔར་ལས་ལྡབ་འགྱུར་གྱིས་ཇེ་མང་ལ་སོང་ཡོད། ང་ཚོའི་སྨན་སྦྱོར་ལ་གཙོ་བོ་རིགས་གཉིས་ཡོད་དེ་གཅིག་ནི་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་སྨན་རྫས་དང་གཉིས་ཡིན་ན་སྨན་ཁང་རང་གི་སྡེབ་སྦྱོར་དང་མན་ངག་ཐོབ་པའི་སྨན་རྫས་གཉིས་ཡིན། ཉིས་སྟོང་ཉེར་གསུམ་ལོར་ང་ཚོའི་སྡེབ་སྦྱོར་གྱི་སྨན་རྫས་འདི་ང་ཚོ་ཀན་སུའུ་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་གྱི་ནང་དུ་ཚུད་པས་ང་ཚོའི་སྨན་ལ་བསྟེན་མཁན་གྱི་ནད་པ་སྔོན་ཆད་དང་བསྡུར་ན་ལྡབ་བཅུ་ལས་ཇེ་མང་དུ་ཕྱིན་འདུག

སྙན་སྒྲོན་པ།   ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་རུ་སོང་བ་དང་བསྟུན་ནས། སྔ་རྗེས་སུ་པེ་ཅིན་དང་ཧྲང་ཧེ། ཧྲིན་ཀྲིན། སུའུ་ཀྲིག་སོགས་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ཏུ་ཚབ་ཚོང་ལས་གཉེར་ཁང་བཙུགས་ཤིང་ཞབས་ཞུ་གང་ལེགས་མཁོ་འདོན་བྱེད་བཞིན་ཡོད་པར་མ་ཟད། ལས་བཟོ་བ་མང་པོ་གདན་ཞུ་བྱས་ནས་སློབ་ཆེན་སློབ་མ་སྐོར་ཅིག་གི་ལས་ཞུགས་ཀྱི་གནད་དོན་ཡང་རིམ་བཞིན་ཐག་གཅོད་བྱས་ཡོད་དེ།   དེའི་སྐོར་ནས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་རྫས་འགྱུར་ཚོད་ལྟ་ཁང་གི་སྨན་རྫས་བརྟག་བཤེར་བ་ཡུམ་འཚོ་སྐྱིད་ཀྱིས་འདི་ལྟར་གླེང་བྱུང་།

ང་རང་གཙོས་ཁ་གྱའི་ཡིན། སློབ་ཆེན་མཐར་ཕྱིན་རྗེས་གཙོས་ཁ་གྱའི་བོད་སྨན་ཁང་འདིར་ཡོང་ནས་ལས་ཞུགས་བྱས་པ་ཡིན། ལས་ཀ་འདི་བདམ་པའི་དམིགས་ཡུལ་ནི་བོད་སྨན་ཁང་འདི་རུ་ང་ཚོ་སློབ་ཆེན་པའི་ཟླ་ཕོགས་ལྟོས་བཅས་ཀྱིས་མཐོན་པོ་འདུག དེ་མིན་མི་སྒེར་གྱི་སྤྱི་ཚོགས་འགན་བཅོལ་རིགས་ལྔ་བོ་འདི་ཡང་དངོས་འབེབས་བྱས་ཡོད། དེ་མིན་དབུལ་སྐྱོར་ཁྱིམ་ཚང་གི་བྱིས་པ་དང་སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་གནད་དོན་ལ་སྨན་ཁང་འདིས་ཚད་མཐོ་བའི་གདེང་འཇོག་བྱེད་བཞིན་ཡོད་པ་རེད། ཟླ་ཕོགས་ཀྱང་དུས་ལྟར་སྟེར་བཞིན་ཡོད། དེ་མིན་ང་རང་གི་ཆེད་ལས་དང་མཐུན་པའི་བྱ་བ་ཞིག་རྙེད་པར་ཧ་ཅང་ཡིད་ཚིམས་ཡོད།

སྙན་སྒྲོན་པ། ལོ་ངོ་དུ་མའི་རིང་ལ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིས་ཀན་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་། གཙོས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁ་གྱ་བོད་སྨན་རྩེར་སོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས། ཁ་རྒྱ་བོད་སྨན་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་དང་། འཕེལ་རྒྱས་ཁྲོད་གསར་གཏོད། གསར་གཏོད་ཁྲོད་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། དེང་རབས་སྨན་བཟོས་ཚན་རིག་ལག་རྩལ་དང་ཐོན་སྐྱེད་སྒྲིག་ཆས་གསར་ཤོས་ནང་འདྲེན་དང་བེད་སྤྱོད་ཀྱིས་བོད་ལུགས་གསོ་རིགས་གསར་གཏོད་ཀྱི་ལམ་ཆེན་དུ་སྙེགས་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་སྨན་ལ་སྔར་ལས་ལྷག་པའི་གསོན་ཤུགས་གསར་བ་ཞིག་བསྩལ་ནས་ཀུང་ཟིའི་སྤྱིའི་འཕེལ་རྒྱས་མཐོར་འདེགས་དང་སྲ་བརྟན་དུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་བསྐྲུན་པར་འབད་བརྩོན་བྱེད་བཞིན་འདུག

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན།གཡང་འབུམ་རྒྱལ།ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་གྱའི་བོད་སྨན་ཕན་བདེའི་དཔྱིད་དུ་སྨིན་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

                                                                               གསར་འགོད་པ།  ཨ་བརྟན་རྒྱལ། ཚེ་བརྟན།

                                                               གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

                                                                                       རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།              

                                                                              ལྟ་སྐུལ་བ། དབང་གྲགས་ཚེ་རིང་།