དག་གཙང་མཛེས་སྡུག་གི་འཆམ་མཐུན་ཀླུ་ཆུ།
2023.08.17 ཁུངས། ཀློག་གྲངས། 0

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་བ་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། དག་གཙང་མཛེས་སྡུག་གི་འཆམ་མཐུན་ཀླུ་ཆུ་ཞེས་པ་དེ་ཅིག་བཤད།

སྙན་སྒྲོན་པ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་འདི་དག་གི་རིང་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་བྱ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ།    རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་མཛེས་སྡུག་གི་སྐྱེ་ཁམས་དང་གསོན་ཤུགས་ཀྱིས་ཁེངས་པའི་མཛེས་སྡུག་གི་རྫོང་མཁར། ཁོང་ཡངས་སྒོ་འབྱེད་ཀྱི་མཛེས་སྡུག་གི་ཁོར་ཡུག  འཆམ་མཐུན་བདེ་ཐང་གི་མཛེས་སྡུག་འཚོ་བ་སོགས་མཛེས་སྡུག་བདུན་ལྡན་གྱི་ཀླུ་ཆུ་འཛུགས་སྐྲུན་བྱེད་རྒྱུ་དེ་རྫོང་ཡོངས་ཀྱི་བྱ་བ་གཙོ་བོའི་གྲས་སུ་བཞག་པ་དང་། ཀླུ་ཆུ་རྫོང་གིས་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མ་དངུལ་སྣ་ཚོགས་བརྩོན་ལེན་བྱས་ནས་ཁང་རྙིང་བསྒྱུར་བཀོད་དང་རྫོང་མཁར་གྱི་གཞུང་ལམ་འཛུགས་སྐྲུན་རྒྱ་སྐྱེད། ཆུ་ལམ་དང་གློག་ལམ་བསྒྱུར་བཀོད་བྱེད་པ་དང་གད་སྙིགས་རིགས་དབྱེ་དང་གཅིག་སྡུད་བྱེད་སའི་སྒམ་ལས་པ།  རླངས་འཁོར་འཇོག་ས་བསྐྲུན་པ།  དེ་མིན་སློབ་གྲྭ་ལས་གཞན་པའི་ལས་ཁུངས་མང་པོ་ཞིག་གི་ཕྱི་གྱང་བཤིག་སྟེ་སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་ལམ་སྟབས་བདེར་བཏང་བ་བཅས་ཀླུ་ཆུ་རྫོང་མཁར་གྱི་རྣམ་པར་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གནས་ཚུལ་དེ་དང་འབྲེལ་ནས་ཀླུ་ཆུ་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་ཅུའུ་གཞུང་ལས་ཁང་གི་ཀྲུའུ་རིན་སངས་རྒྱས་སྐྱབས་ཀྱིས་བཤད་རྒྱུར།

ང་ཚོ་ཀླུ་ཆུ་ཡིན་ན་ཉིས་སྟོང་བཅུ་དགུའི་ལོ་ནས་བཟུང་། གྲོང་ཁྱེར་ཞིབ་ཚགས་དོ་དམ་བྱ་བ་འདི་དངོས་སུ་ལག་བསྟར་བྱེད་བརྩམས་ནོ་རྗེས་ནས། འཛུགས་སྐྲུན་བྱ་བའི་རིམ་པ་མང་པོ་ཞིག་བརྒྱུད་པ་དང་། ལྷག་པར་དུ་སྲིད་གཞུང་གི་ར་སྐོར་བཤིག་ནས་སྤྱི་ཚོགས་ཡོངས་ལ་སྒོར་ཕྱེས་ཡོད་པ་དེ་སྲིད་གཞུང་དང་མང་ཚོགས་ཀྱི་འབྲེལ་ལམ་ཇེ་ཉེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་མིན་གྲོང་ཁྱེར་གྱི་མཛེས་བཟོ་སོགས་ལ་བྱ་བ་མང་པོ་བསྒྲབས་ཡོད་པས་ཡུལ་སྐོར་བའང་མང་པོ་ཡོང་བཞིན་ཡོད་པས་མང་ཚོགས་ཀྱི་ཡོང་སྒོ་ཡང་མིག་མཐོང་ལག་ཟིན་གྱིས་ཇེ་མཐོར་འགྲོ་བཞིན་ཡོད།

སྙན་སྒྲོན་པ།  ཀླུ་ཆུ་རྫོང་གིས་མཛེས་སྡུག་འཆམ་མཐུན་གྱི་ཀླུ་ཆུ་འཛུགས་སྐྲུན་བྱས་ཏེ།  ས་གནས་མི་དམངས་མང་ཚོགས་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ།   གྲོང་གསེབ་དར་སྤེལ་བྱ་བར་སྣེ་ཁྲིད་དང་ནུས་པ་གང་ལེགས་བཏོན་ནས།   བོད་ལུགས་གསོ་རིགས་དང་ས་གནས་ཀྱི་ཕྱུགས་ལས་ཐོན་རྫས།  ཀླུ་ཆུའི་སྐོར་བྲོ་སོགས་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ལ་བརྟེན་ནས།   ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་འགུག་བཞིན་ཡོད་ཅིང་།   དབྱར་དུས་སུ་ཕྱོགས་ཡོངས་ཀྱི་ཡུལ་སྐོར་བ་མང་པོ་གནས་དེར་ངང་གིས་འདུས་ནས་མཐོ་སྒང་གི་རྫོང་མཁར་དེའི་མཛེས་པ་ཉམས་སུ་མྱོང་བཞིན་ཡོད་པས།  དེས་ས་གནས་མང་ཚོགས་ཀྱི་འཚོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།  གནས་ཚུལ་དེ་དང་འབྲེལ་ནས་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་མ་ངེ་སྡེ་བའི་སྡེ་མི་དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར།

ཉིས་སྟོང་བཅུ་དགུའི་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་དུ་ཁོར་ཡུག་གཙང་སྤྲའི་ཐད་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ནི་རེད།  ལོ་ལོན་ཚོ་ཁམ་གསེང་བྱས་ན་སྐྱིད་པོ་ཡིན་པ་དང་། དེ་མིན་སྲིད་གཞུང་ལས་ཁུངས་སོགས་ཀྱི་སྒོ་གྱང་བླངས་པ་དེ་ས་རྫོང་མཁར་གྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ་དང་། དེ་བས་གནས་སྐོར་བ་མང་པོ་ཡོང་བཞིན་ཡོད།   དེར་བརྟེན་རང་གི་སྔོ་ཚོད་འཚོང་སར་ཡང་ཡོང་སྒོ་བཟང་བོ་ཡོད།

སྙན་སྒྲོན་པ།   ཀླུ་ཆུ་རྫོང་མཁར་གྱི་རྐང་ཐང་སྲང་ལམ་དང་མཐུན་པ་སྤུན་བཞིའི་རྩེད་ཐང་གཉིས་ནི།   རྫོང་དེས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་འཛུགས་སྐྲུན་ཁྲོད་བླངས་པའི་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཡིན་ཞིང་།   གནས་དེ་གཉིས་བརྒྱུད་ནས་འགྲོ་སྐབས་དག་གཙང་དང་མཛེས་སྡུག་གི་སྣང་བརྙན་དེས་མི་རྣམས་ཀྱི་སེམས་ལ་དབུགས་དབྱུངས་དང་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་འགོག་མེད་དུ་སྟེར་བར་བྱེད།   ལྷག་པར་དུ་མཐུན་པ་སྤུན་བཞིའི་རྩེ་ཐང་དུ་ཐོན་དུས།  ཀླུ་ཆུ་རྫོང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཕྱི་དྲོའི་ཉི་འོད་འཇམ་པོའི་ངོགས་སུ་དབྱར་གྱི་མཛེས་པ་ལོངས་སུ་སྤྱོད་བཞིན་མཆིས་ལ།  ཁོ་ཚོ་རེ་རེའི་གདོང་ལ་བདེ་སྣང་དང་ཐོབ་སྣང་།  སྐྱིད་སྣང་གིས་ཡོངས་སུ་ཁེངས་འདུག་པར་མ་ཟད།    དག་གཙང་མཛེས་སྡུག་གི་འཆམ་མཐུན་ཀླུ་ཆུ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དེ་མི་རེ་རེའི་སེམས་ཀྱི་ཟབ་ཟར་འདྲེས་འདུག  དེའི་ཐད་ནས་ཉིན་དེར་མཐུན་པ་སྤུན་བཞིའི་རྩེད་ཐང་དུ་འཆམ་འཆམ་བྱེད་བཞིན་པའི་དཔལ་སྒར་སྡེ་བའི་སྡེ་དམངས་ཨ་ཁུ་ཆོས་སྐྱོང་རྣམ་རྒྱལ་གྱིས་འདི་ལྟར་བཤད།

ང་ས་ཆ་འདིའི་མི་ཡིན། རང་རེའི་རྫོང་མཁར་གྱི་གྲོང་ཁྱེར་དོ་དམ་མི་སྣ་དང་མང་ཚོགས་གང་ཞིག་ཡིན་ཡང་། ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་འབད་བརྩོན་བྱེད་བཞིན་ཡོད།   མང་ཚོགས་སུ་ཞིག་ཡིན་ཡང་གད་སྙིག་གང་སར་མི་འཕེན་པ་དང་།  སྲང་ལམ་གཡས་གཡོན་གྱི་གད་སྙིགས་རང་འགུལ་གྱིས་འཐུས་ནས་གད་སྙིགས་ལྡུག་སར་འཕེན་པའི་གོ་རྟོགས་ཇེ་མཐོར་སོང་ཡོད།

སྙན་སྒྲོན་པ།  ས་སྲོས་ཀྱི་གྲིབ་ཆེན་དེས་མཐོ་སྒང་གི་རྫོང་མཁར་དེ་རིམ་གྱིས་བསྒྲིབས་དུས།   རྣམ་པར་བཀྲ་བའི་གློག་འོད་དེ་དག་གིས་མཐོ་སྒང་གི་ཀླུ་ཆུ་རྫོང་མཁར་ལ་མཛེས་སྡུག་དང་གསོན་ཤུགས་གཞན་ཞིག་བསྩལ་བྱུང་།  སྐོར་བྲོའི་ཕ་ཡུལ་དུ་འབོད་པའི་ཀླུ་ཆུའི་སྐོར་བྲོའི་དབྱངས་རྟ་ཞིག   མཐུན་པ་སྤུན་བཞིའི་རྩེད་ཐང་ནས་མཆེད་དེ་མཛེས་སྡུག་དང་འཆམ་མཐུན།  འབྱོར་ཕྱུག་བཅས་ཀྱི་དགའ་བ་གླུ་རུ་ལེན་བཞིན། མདུན་ཕྱོགས་ན་ལྷུང་ལྷུང་འབབ་པའི་ཀླུ་ཆུ་སྔོན་མོའི་བཞུར་རྒྱུན་དང་འགྲོགས་ནས་རྒྱང་ལ་བཞུར་བཞིན་འདུག

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན།གཡང་འབུམ་རྒྱལ།ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། དག་གཙང་མཛེས་སྡུག་གི་འཆམ་མཐུན་ཀླུ་ཆུ་ཞེས་པ་དེ་ཡིན།ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་བརྟན།

གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།