རྨ་ཁུག་ནོར་བུ་དགའ་འཁྱིལ། རྒྱུད་དྲུག་དབྱངས་ཀྱི་ཕ་ས།
2023.08.17 ཁུངས། ཀློག་གྲངས། 0

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་བ་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ།  རྨ་ཁུག་ནོར་བུ་དགའ་འཁྱིལ། རྒྱུད་དྲུག་དབྱངས་ཀྱི་ཕ་ས་ཞེས་པ་དེ་ཅིག་བཤད།

སྙན་སྒྲོན་པ། དམངས་སྲོལ་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པའི་གསོན་ཉམས་ལྡན་པའི་དཔང་པོ་ཡིན།  དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན།  བེད་སྤྱོད་ཡག་པོ་བཅས་བྱེད་རྒྱུ་དེ་ལོ་རྒྱུས་ཀྱི་རིག་གནས་འབྲེལ་བ་རྒྱུན་མཐུད་དང་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བྱེད་པ།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པས། ཏང་དང་སྲིད་གཞུང་གིས་དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་ལ་སྔར་ལས་རྒྱུད་རིམ་ལྡན་ཞིང་ཚད་གཞི་མཐོ་བའི་བླང་བྱ་གལ་ཆེན་བཏོན་ཡོད།

གནམ་འོག་གི་རྨ་ཁུག་དང་པོར་འབོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་གནའ་སྔ་མོ་ནས་བཟུང་སྟེ་ཕྱུགས་ལས་གཙོ་བོར་གཉེར་བའི་རྫོང་ཞིག་ཡིན་ཞིང་།  ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ཆགས་སྟངས་དང་འཚོ་བ་རོལ་སྟངས་ཀྱིས་ཕུལ་དུ་བྱུང་བའི་གནའ་བོའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་སོར་འཇོག་དང་རྒྱུན་འཛིན་བྱེད་ཐུབ་ཡོད།  དམངས་སྲོལ་རིག་གནས་ནི་མི་རིགས་ཤིག་གི་སྙིང་སྟོབས་དང་བླ་སྲོག་ལྟ་བུ་སྟེ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་གསར་གཏོད་ནུས་པའི་འབྱུང་ཁུངས་ཡིན་ལ། ཕྱོགས་བསྡུས་འགྲན་རྩོད་བྱེད་ནུས་ཀྱི་གནད་འགག་བཅས་ཀྱང་ཡིན། དེ་བས་རྨ་ཆུ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་མྱུར་སྐྱོབ་དང་པོར་འཇོག་པ། ལུགས་མཐུན་གྱིས་བེད་སྤྱོད་བྱེད་པ་དང་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་པས།  ལོ་རྒྱུས་ཀྱི་རྒྱུན་རིང་བའི་དམངས་སྲོལ་རིག་གནས་སྐོར་ཅིག་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་དང་རྫོང་རིམ་པ་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་ནས་ཉམས་དགའ་བའི་གྲུབ་འབྲས་བླངས་ཡོད།   དེའི་སྐོར་ནས་རྨ་ཆུ་རྫོང་རིག་གནས་ཁང་གི་འགོ་གཙོ་ལྷ་མོ་སྒྲོལ་མས་འདི་ལྟར་བཤད།

ང་ཚོའི་རྨ་ཆུ་རྫོང་རིག་གནས་ཁང་ལ་མཚོན་ན། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་གཅིག་དང་ཞིང་ཆེན་རིམ་པ་སྣ་ཁ་ལྔ། ཁུལ་རིམ་པ་སྣ་ཁ་ཞེ་གསུམ། རྫོང་རིམ་པ་སྣ་ཁ་ཉིས་བརྒྱ་དང་དྲུག་བཅས་ཡོད།   རྨ་ཆུ་རྫོང་གི་རིག་གནས་འདི་འདི་འདྲའི་ཕུན་སུམ་ཚོགས་པ་ནི་མེས་པོ་སྔ་མ་དག་གི་བློ་གྲོས་ཀྱི་ཉིང་བཅུད་དང་ཁ་འབྲལ་ཐབས་མེད་པ་དང་། དེ་མིན་ད་ལྟའི་དགེ་རྒན་དཔལ་མགོན་སོགས་རིག་གནས་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་དགེ་རྒན་ལྷག་བསམ་ཅན་རྣམ་པ་དང་།   དེ་མིན་ཏང་དང་སྲིད་གཞུང་གི་ཡང་དག་པའི་རྒྱབ་སྐྱོར་དང་ལས་ཀ་འདི་ལ་ཞུགས་མྱོང་མཁན་གྱི་སྔ་རབས་པ་རྣམ་པ། དེ་མིན་ད་ལྟ་ཁ་སང་དེ་རིང་ཧུར་བརྩོན་བྱེད་མཁན་གྱི་ཕྱི་རབས་པ་རྣམ་པའི་བཀའ་དྲིན་ལ་རིག་གནས་འདི་ད་ལྟ་གཞན་ལ་ངོམ་ཆོག་པ་ཞིག་ཡིན།  དེ་བས་ང་ཚོ་རིག་གནས་ཁང་ཡིན་ན་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཕྱོགས་ལ་འབད་བྲཙོན་ཆེན་པོ་བྱེད་བཞིན་ཡོད།

སྙན་སྒྲོན་པ།   རྨ་ཆུ་རྫོང་ལ་མཚོན་ན་ཨ་མདོའི་རྡུང་ལེན་སྒྱུ་རྩལ་གྱི་ཕ་ས་ཞེས་ཀྱང་འབོད་བཞིན་ཡོད་དེ།   རྒྱུ་མཚན་ནི་ཡུལ་དེ་རུ་རྡུང་ལེན་གྱི་སྐོར་ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་མང་དུ་ཡོད་པར་མ་ཟད། སྐད་གྲགས་ཆོད་པའི་རྡུང་ལེན་པ་གྲགས་ཅན་རྒན་དཔལ་མགོན་དང་བདུད་བྷེ།  རྒན་རྡོ་རེད་དང་རྒན་བསམ་གཏན་སོགས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་འདི་དག་གི་སྐད་ངག་གི་འགྱུར་ཁུགས་ཀྱང་ཐོག་མར་གནས་འདི་ནས་མཆེད་མགོ་བརྩམས་པ་རེད། རྒན་རྡོ་རེད་ལྟ་བུར་མཚོན་ན་རྡུང་ལེན་པ་རྐྱང་རྐྱང་ཞིག་མ་ཡིན་པར། རྡུང་ལེན་རིག་གནས་སྒྱུ་རྩལ་སྐོར་ལ་བྱང་ཆ་ལྡན་པར་མ་ཟད།  རང་གི་བརྩེ་བ་དང་ལྟ་བ་དངོས་དེ་རྡུང་ལེན་རིག་གནས་སྒྱུ་རྩལ་གྱི་ཁྲོད་དུ་ཆུ་ལ་ཆུ་བཞག་ལྟར་ཡིན་ཞིང་། ཁོས་དབུས་ཕྱོགས་ཀྱི་རྡུང་ལེན་དང་ཨ་མདོའི་རྡུང་ལེན་གྱི་རྡུང་སྟངས་སྐོར་ནས་གཤིབ་བསྡུར་རང་བཞིན་གྱིས་ཁ་བརྡ་ཐུང་ངུ་ཞིག་འདི་ལྟར་བྱས་བྱུང་།

ངའི་སྒྲ་སྙན་འདི་ལྟ་བུར་མཚོན་ན། དབུས་ཕྱོགས་ཀྱི་སྒྲ་སྙན་དང་མངའ་རིས་ཀྱི་སྒྲ་སྙན་དང་ཅུང་མི་འདྲ་བ་རེད། རྒྱུ་མཚན་འདི་ལ་སྐུད་པ་བཞི་ཡོད་ནི་རེད། མངའ་རིས་དང་དབུས་ཕྱོགས་ལ་མཚོན་ན་རྒྱུད་སྐུད་གསུམ་རེད། དེས་གཙོ་བོ་སྐད་ཀྱི་དམའ་སའི་ཆ་དེ་ཟིན་པར་བྱས་ཡོད་ནི་རེད། དེས་སྒྲ་སྙན་གྱི་འགྱུར་ཁུགས་གཙོར་བཟུང་མེད་པར་སྡེབ་སྦྱོར་གྱི་ཆ་ལ་བསམ་བློ་བཏང་ཡོད་པ་རེད། འདི་ལྟ་བུར་མཚོན་ན་རྒྱུད་སྐུད་བཞི་བོ་དེ་གསེག་སྒྲིག་བྱས་ནས་སྒྲའི་གཞི་སྡེ་ཆེ་རུ་བཏང་ཡོད་པས་སྐད་ཅི་ལྟར་མཐོ་རུ་སོང་ཡང་དེར་རམ་དཀྲོལ་ཡག་པོ་རྒྱག་ཐུབ་ནི་རེད། ཨ་མདོའི་སྒྲ་སྙན་གྱི་རྡུང་སྟངས་ཆེས་གཙོ་བོ་འགྱུར་ཁུགས་འདྲེན་ལུགས་རེད།

སྙན་སྒྲོན་པ། རྒན་བསམ་གཏན་ལགས་ལ་མཚོན་ན་ཡང་ཨ་མདོའི་རྡུང་ལེན་རིག་གནས་སྒྱུ་རྩལ་པ་རྩེ་གྲས་ཀྱི་ཁོངས་སུ་གཏོགས་ཤིང་། ཁོའི་གླུ་ཚིག་དང་ཐུན་མོང་མ་ཡིན་པའི་སྒྲའི་རྡུང་སྟངས།  སྙན་ཞིང་འཇེབས་པའི་ངག་གི་འགྱུར་ཁུགས་བཅས་ཀྱིས་ཉན་མཁན་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་མྱོང་བར་མ་ཟད། རྡུང་ལེན་རིག་གནས་སྒྱུ་རྩལ་གྱི་ཐད་ལ་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་བསམ་བློ་ལྡན་མཁན་ཞིག་རེད།   ཁོས་ང་ཚོར་ཨ་མདོའི་རྡུང་ལེན་གྱི་དབྱངས་རྟའི་འབྱུང་ཁུངས་དང་དེ་ལས་བྱུང་བའི་དབྱངས་རྟའི་རིགས་ལ་གལ་ཆེ་ཚུལ་སྐོར་ནས་འདི་ལྟར་གླེང་བྱུང་།

ཨ་མདོའི་རྡུང་ལེན་དེ་གཙོ་བོ་འབྲོག་ཁུལ་ནས་དར་ནི་རེད། དེ་བས་རྟ་ནོར་ལུག་གསུམ་གྱི་ངུར་སྒྲ་དང་འབའ་སྒྲ། འཚེར་སྐད་དང་རྫི་བོའི་རང་བྱུང་གི་སེམས་ཁམས་སོགས་ལས་ཐོག་མའི་རོལ་དབྱངས་དེ་གྲུབ་པ་ཡིན་ཞིང་། དེ་བས་ཨ་མདོའི་རྡུང་ལེན་གྱི་རོལ་ཆས་དང་དབྱངས་རྟའི་ཕ་མ་ལྟ་བུའི་འབྱུང་ཁུངས་གཙོ་བོ་དེ་རོང་འབྲོག་མི་དམངས་ཀྱི་འཚོ་བ་རེད།   དེའི་རྐྱེན་གྱིས་ཚིག་དང་དབྱངས་གང་ཅིའི་ཆ་ནས་ཐོག་མའི་འབྱུང་ཁུངས་དེ་གཙོར་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད།

སྙན་སྒྲོན་པ། གློ་བུར་བའི་ཆར་རྒྱུན་ཞིག་གིས་ང་ཚོའི་ཕྱི་རོལ་གྱི་བཅར་འདྲི་དེ་རེ་ཞིག་མཇུག་བསྡུས་ནས་མགོན་པོ་རི་ཞེས་པའི་དེའུ་འབུར་དེ་དང་རེ་ཞིག་ཁ་གྱེས་པ་ཡིན།   རྨ་འགྲམ་ནས་མགོན་པོ་རི་ཞེས་པའི་དེའུ་འབུར་ཆུང་ངུ་དེ་ལ་ཕྱི་མིག་བལྟས་ན།  རྒན་རྡོ་རེད་དང་རྒན་བསམ་གཏན་གཉིས་ཀྱི་ངག་གི་འགྱུར་ཁུགས་དང་སོར་མོའི་རྡུང་རྩལ་ལས་ཐོན་པའི་ཨ་ཁུ་པདྨ་དང་རྨ་ཆུའི་བུ་མོ་ཞེས་པའི་དབྱངས་རྟ་དེ་གཉིས། ད་དུང་ཡང་ཆུ་མིག་སྤང་དུ་རྒྱུ་བའི་ཉམས་སྣང་གིས་ང་ཚོའི་སེམས་ཀྱི་བཞུར་རྒྱུན་དང་དབང་མེད་དུ་འདྲེས་འོང་གི་འདུག

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་བརྟན། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ།  ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་བརྟན།

གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།