
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག དུས་མཚུངས་ཤུགས་འདོན་དང་ཕྱོགས་མཚུངས་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བཅས་བྱེད་དགོས”ཞེས་བསྟན་ཡོད། དེ་ནི་དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ཟབ་མོ་བྱས་པ་ཞིག་དང་། རྩ་ལག་མཉམ་བཅོས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆོས་ཉིད་གསལ་སྟོན་ནན་མོ་བྱས་པ་ཞིག་ཡིན་པས། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་རྒྱུར་གཞི་འཛིན་ས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་དམངས་སེམས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཆེ་ཤོས་ཡིན་པ་ནན་བཤད་ཡང་ཡང་གནང་བ་དང་། དེ་ནི་ཕམ་ཁ་འཁུར་མི་ཐུབ་ལ་གཏན་ནས་ཕམ་མི་རུང་པའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་དེ་ནི་ཏང་གིས་རང་ངོས་གསར་བརྗེ་བྱེད་པར་ངེས་པར་དུ་ཡུན་རིང་དམ་འཛིན་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཕན་ཚུན་བརྟེན་རེས་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་སྤྱི་འདོམས་མཉམ་འགུལ་བྱས་ནས་སྤྱིའི་ཕན་འབྲས་ཆེ་རུ་གཏོང་དགོས། བཀག་སྡོམ་ཁུལ་མེད་པ་དང་ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་ལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཀག་འགོག་ལ་སྣང་ཆེན་དང་མཐོ་གནོན་ཤུགས་ཆེན་བྱེད་པ། ཟིལ་གནོན་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ནས། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་ལེན་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གང་ལེགས་ཀྱིས་མངོན་པར་བྱེད་དགོས་པ་ནན་བཤད་གནང་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་རུང་པའི་བྱ་བ་དམ་འཛིན་བྱེད་དགོས། མི་འདོད་པ་ནི་གཞི་རྩ་ཡིན་པ་ནན་བཤད་བྱས་ཏེ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། སྤྱོད་གཙང་གི་རིག་གནས་སྐྱེད་སྲིང་བྱེད་པ། བསླད་སྐྱོན་འགོག་པ་དང་ངོ་བོ་འགྱུར་བར་སྔོན་འགོག་བྱེད་པའི་འགོག་གཟུགས་ཆེན་པོ་ཐོབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་བཟང་པོར་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཆད་གཅོད་ཟིལ་གནོན་དང་ལམ་ལུགས་ཀྱི་ཚོད་འཛིན། གོ་རྟོགས་མཐོར་གཏོང་དང་ཟུང་འབྲེལ་དམ་པོ་བྱེད་པ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ། ཏང་གི་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་དགོས། རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གི་ཐོག་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་གཞི་རྩའི་རྩ་དོན་དང་། འཐབ་ཇུས་ཀྱི་གཙོ་གནད། བྱེད་ཐབས་དང་ཐབས་ལམ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་དེ་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་བརྟག་ཐབས་སྨྲ་བའི་ཕྱོགས་སུ་ཁྱབ་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་རྒྱུར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་རྩོད་སྒྲུབ་འབྲེལ་བར་ངེས་པར་དུ་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་པ་དང་། ཁྱོན་ཡོངས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་བཅས་བྱེད་དགོས། ཕྱོགས་གཅིག་ནས་དེ་གསུམ་ཕན་ཚུན་ཁྱད་པར་ཡོད་པ་དང་སོ་སོར་གཙོ་གནད་རེ་ཡོད། རུལ་སུངས་བྱེད་མི་ཕོད་པ་ལ་ཆད་གཅོད་དང་འཇིགས་ཟིལ་གཙོ་གནད་དུ་བཟུང་ནས། རུལ་སུངས་བྱེད་འདོད་མཁན་ལ་སྤྱོད་གཙང་རང་གཅུན་གྱི་སྒྲིག་ལམ་ནན་མོས་རུལ་སུངས་ཕྱོགས་སུ་གོམ་པ་ཕྱེད་ཙམ་སྤོ་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པར་ཚོད་འཛིན་དང་ལྟ་སྐུལ་གཙོ་བོར་བཟུང་སྟེ་ལྟ་སྐུལ་དོ་དམ་ནན་མོ་བྱེད་དགོས། རུལ་སུངས་བྱེད་ཕོད་མཁན་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་གོ་སྐབས་མེད་པར་བྱེད་དགོས། རུལ་སུངས་སུ་འགྱུར་འདོད་ན་སློབ་གསོ་དང་ཁྲིད་སྟོན་གཙོ་གནད་དུ་བཟུང་སྟེ་བསམ་བློའི་འབྱུང་རྩ་ནས་ལྐོག་ཟ་དང་རུལ་སུངས་སུ་འགྱུར་རིགས་གཙང་སེལ་བྱ་དགོས། ཕྱོགས་གཞན་ཞིག་ནས། གསུམ་པོ་ཕན་ཚུན་འདྲེས་ཤིང་། ཕན་ཚུན་ལ་སྐུལ་འདེད་བྱེད་པ། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་འབྲེལ་གྱི་གཞི་མཐུན་གྱི་ཚོགས་སྤྱི་ཞིག་ཡིན། རུལ་སུངས་བྱེད་མི་ཕོད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། རུལ་སུངས་སུ་འགྱུར་བའི་མ་གནས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རང་འདོད་རུལ་སུངས་ཅན་ལ་ཐོས་པ་ཙམ་གྱིས་བློ་སྟོབས་ཉམས་སུ་འཇུག་པ་དང་། རུལ་སུངས་བྱེད་མི་ཐུབ་པ་དང་བྱེད་མི་འདོད་པར་ཆ་རྐྱེན་བསྐྲུན་དགོས། རུལ་སུངས་སུ་འགྱུར་མི་རུང་བ་ནི་གནད་འགག་ཡིན་པ་དང་། རུལ་སུངས་སུ་འགྱུར་པའི་གོ་སྐབས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རུལ་སུངས་སུ་འགྱུར་ཕོད་མཁན་ལ་གོ་སྐབས་མེད་པར་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་འདོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པ་ནི་རྩ་བ་ཡིན་ཞིང་། རུལ་སུངས་ཀུན་སློང་གི་གནད་དོན་ཐག་གཅོད་བྱས་ཏེ། ཏང་ཡོན་ལས་བྱེད་པར་ནང་སེམས་ནས་སྡིག་སྤེལ་དགེ་སྒྲུབ་བྱེད་དུ་བཅུག་སྟེ། རུལ་སོངས་བྱེད་མི་ཕོད་པ་དང་མི་ཐུབ་པ་མངོན་འགྱུར་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ནུས་པ་ཆེན་པོ་དང་། རུལ་སུངས་བྱེད་མི་ཐུབ་པའི་འགྱུར་བ་མེད་པའི་ལམ་ལུགས་ཀྱི་གཅུན་འདོམས། རུལ་སུངས་བྱེད་མི་འདོད་པའི་བསམ་བློ་དང་སློབ་གསོའི་ལེགས་ཆ་བཅས་གཅིག་ཏུ་བསྡུས་ནས། དེ་གསུམ་པོའི་འབྲེལ་བའི་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ཚེ་གཞི་ནས་ཕྱོགས་བསྡུས་ཀྱི་ཕན་འབྲས་ཐོན་ཐུབ།
རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་དུས་མཚུངས་ཤུགས་འདོན་དང་། ཕྱོགས་མཚུངས་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བཅས་ཀྱི་ཐད་ཤུགས་རྒྱག་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་སྟེང་སྐྱོད་པ་དང་། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འགོ་ཁྲིད་བྱེད་པའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་ནས། ཏང་གི་འགོ་ཁྲིད་དེ་སྒྲིག་ཁྲིམས་ལག་བསྟར་དང་རུལ་སུངས་ལ་ངོ་རྒོལ་དང་སྡིག་ཆད་གཅོད་པའི་ཐད་དོན་འཁྱོལ་བྱས་ནས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། ཁྲིམས་ལག་བསྟར་བཅས་ནས་སྐྱེལ་སྤྲོད་དང་། འདྲི་གཅོད། ལག་བསྟར། སྒྱུར་བཀོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྨོངས་གཉིད་ལས་སད་པ་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཤུགས་ཚད་རྒྱུན་འཁྱོངས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པ། ཁྱབ་ཁོངས་སོ་སོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་སྤེལ་བཅས་བྱས་ཏེ། ཡང་ཡང་འབྱུང་བའི་གནད་དོན་རྙིང་པ་རིམ་བཞིན་ཇེ་ཉུང་དུ་ཕྱིན་ནས་ལག་བསྟར་མི་བྱེད་པའི་བར་དུ་མེད་པར་བཟོས་ཏེ། བྱུང་བའི་གནད་དོན་གསར་པ་འགའ་ཞིག་རྒྱ་ཡན་དུ་འགྲོ་དཀའ་བར་བྱས་ཡོད། རུལ་སུངས་སུ་འགྱུར་རིགས་རྒྱ་ཡན་དུ་མཆེད་པར་སྔོན་འགོག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་གཏན་འབེབས་དང་ཇུས་ཐག་གཅོད་པའི་གོ་རིམ། ཞིབ་བཤེར་ཆོག་མཆན་དང་ལྟ་སྐུལ་དོ་དམ། ཁྲིམས་བསྟར་དང་ཁྲིམས་འཛིན་སོགས་ཀྱི་གནད་འགག་དབང་ཆ་དམ་འཛིན་བྱས་ཏེ། འགན་འཁྲི་དང་དབང་ཚད་ནན་མོ་བྱེད་པ་དང་། བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། དམིགས་ས་ཡོད་པའི་སྒོ་ནས་ཏང་གཤིས་སློབ་གསོ་དང་ཉེན་ཟོན་སློབ་གསོ་སྤེལ་ཏེ་སྤྱོད་གཙང་གི་རིག་གནས་ལ་བརྟེན་ནས་ལུས་སེམས་གཉིས་གསོ་དང་། སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུ་དེ་ཏང་ཡོན་དང་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་སུ་འགྱུར་བར་བྱ་དགོས། “དུས་འཁོར་ཧྲིལ་པོར་དོ་དམ”བྱེད་པའི་འདུ་ཤེས་དང་བྱེད་སྟངས་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། འབྱུང་རྩ་ནས་མཇུག་སྣེའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་དང་། རྒྱུ་རྐྱེན་གཙོ་བོ། ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བྱེད་ཐབས་སྣ་མང་གིས་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་སྐུལ་འདེད། བྱ་བའི་ཕན་འབྲས་ཐད་ཕན་ཚུན་སྐུལ་འདེད་བཅས་བྱས་ཏེ་ཆད་གཅོད་ནན་མོ་དང་། དབང་ཆ་ཚད་ལྡན། སློབ་གསོ་ཁྲིད་སྟོན་བཅས་ཟུང་འབྲེལ་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས། གྲུབ་འབྲས་སྔར་ལས་མང་བ་དང་བཅོས་སྐྱོང་གི་ཕན་འབྲས་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།