དྲི་བ་བརྒྱ་དང་བཅུ་གསུམ། ནན་པོའི་དགོངས་གཞི་ལ་བརྟེན་ནས་སྤྱོད་སྲོང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་བར་གོ་བ་ཇི་ལྟར་ལེན་དགོས།
2023.08.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ནན་པོའི་དགོངས་གཞིའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་ནས་སྤྱོད་སྲོང་སྒྲིག་ནན་བྱེད་དགོས”ཞེས་ནན་གྱིས་གསུངས།  འདི་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་དང་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་པའི་མཐོ་ཚད་ནས།  ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་དང་སྒྲིག་ཁྲིམས་ལེགས་སྐྱོང་བྱེད་པར་སྔར་ལས་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་རེད།

དང་པོ།  "ནན་པོ"ནི་ང་ཚོའི་ཏང་གི་མངོན་གསལ་དོད་པའི་གཏིང་ཤུགས་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པ་དང་། དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱེད་པའི་ཉམས་མྱོང་གལ་ཆེན་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཡུན་རིང་རྒྱུན་འཁྱོངས་བྱ་དགོས། ང་ཚོའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་སྒྲིག་འཛུགས་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ཞིང་། "ནན་པོ"ནི་ཏང་གི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་ལ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་མེད་ཀྱི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཚད་གཞི་ནན་པོ་དང་བྱེད་ཐབས་ནན་པོ་དེ་ཏང་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་ཁག་དང་ཕྱོགས་སོ་སོ། མ་ལག་སོ་སོར་དོན་འཁྱོལ་ཞིབ་ཕྲ་དང་གཏིང་ཟབ་བྱས་ནས།  ལྟ་སྐུལ་ནན་པོ་དང་སྒྲིག་ཁྲིམས་ནན་པོ། འགན་འཁྲི་རྩད་གཅོད་གནད་འཁེལ་བཅས་བྱས་པ་བརྒྱུད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་དང་གཅུན་འདོམས་ནུས་ལྡན་བྱས་པས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གུ་ཡངས་དང་གཉོད་ཆུང་གི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་འབྱུང་བར་སྐུལ་འདེད་ཐེབས་པ་དང་། ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་དུ་གཏོང་བ། རང་ངོས་གསར་བརྗེ། རང་ངོས་ཀྱི་ནུས་པ་མཐོ་རུ་འདེགས་པ་བཅས་ལ་ཤུགས་སྣོན་ཆེན་པོ་ཐེབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མུ་མཐུད་དུ་ནན་སྐྱོང་བྱས་ན། ད་གཟོད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་སྲུང་འཛིན་བྱེད་ཐུབ་པ་དང་། རང་རེའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་ཐུབ།

གཉིས་པ།“ནན་པོ”ཡིས་གཞི་ནས་སྲོལ་བཟང་དང་སྒྲིག་ཁྲིམས་ནན་པོ། ཕན་ནུས་ལྡན་པ་བཅས་ལ་འགན་ལེན་བྱེད་ཐུབ་པ་དང་། ངེས་པར་དུ་ནན་པོ་ཨང་དང་པོར་འཛིན་པ་དང་ནན་པོ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱས་པ་ནས་འགོ་བརྩམས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་ནན་པོར་བྱས་པ་དང་། གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ནས། ཁྱད་དབང་གི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱས་པས།  དུས་ཡུན་རིང་པོར་འགོག་ཐབས་བྲལ་བའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་། ལོ་མང་རིང་ལ་ཡོ་བསྲང་བྱས་མེད་པའི་གནད་དོན་རྙིང་པ་ཁ་ཤས་ཡོ་བསྲང་བྱས་ཤིང་། སྲོལ་བཟང་སྤྱོད་བཟང་གི་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་བྱུང་བ་རེད། འོན་ཀྱང་སྤྱོད་ཚུལ་གྱི་གནད་དོན་དང་སྒྲིག་ཁྲིམས་ཀྱི་གནད་དོན་གང་ཡིན་རུང་ཚང་མར་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས་དམ་འཛིན་ལྷོད་མེད་བྱས་ཚེ་གཞི་ནས་ཕན་འབྲས་དངོས་ཐོན་ཐུབ། ནང་དོན་ནན་པོ་རྒྱུན་འཁྱོངས་ཀྱིས་གཡོ་འགུལ་མི་གཏོང་བ་དང་སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ།“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་དུ་ཡོ་བསྲང་བྱེད་པ་དང་། བསྐྱར་ལོག་དང་མངོན་མེད་གཞན་འགྱུར། ངལ་དུབ་དང་དམག་འཁྲུག་ལ་སུན་སྣང་བཅས་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས།  སྤྱོད་ཚུལ་འཛུགས་སྐྲུན་གྱི་ས་ཁུལ་རང་བཞིན་དང་ལས་རིགས་རང་བཞིན།  དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་ཁྱབ་ཏུ་ཐོན་ཞིང་ཡང་ཡང་ཐོན་པའི་གནད་དོན་ལ་དམིགས་ནས་བཅོས་སྐྱོང་ཡག་པོ་བྱེད་པ།  སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ་དང་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གཅུན་ནན་པོ་དང་རང་འགན་ནན་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་པ།“ནན་པོ”ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གཅེས་སྐྱོང་ངོ་མ་བྱེད་པ་ཞིག་ཡིན་པས། ངེས་པར་དུ་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ།  སྐུལ་ལྕག་དང་ཚོད་འཛིན་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ལ་གཅིག་མཐུན་རང་བཞིན་ཚད་མཐོན་པོ་ལྡན་པས། ང་ཚོའི་ཏང་གི་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་ཐོག་མཐའ་བར་གསུམ་གྱི་བྱེད་ཕྱོགས་མཚོན་ཡོད། སྤྱོད་སྲོང་སྒྲིག་ནན་ནི་གཟབ་ནན་གྱི་སྒྲིག་བསྟར་ཁྲིམས་བསྟར་ལས་དོན་ཞིག་ཡིན་ལ། དཀའ་སྤྱད་ཞིབ་ཚགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ཞིག་ཀྱང་ཡིན། དོ་དམ་དང་ལྟ་སྐུལ་ནན་པོ་བྱས་ནས་ཏང་ཡོན་ལས་བྱེད་པར་གནས་པའི་གནད་དོན་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་དྲན་སྐུལ་བྱེད་པ། སྔ་མོ་ནས་ཐག་གཅོད་བཅས་བྱས་ཚེ། གཞི་ནས་དེར་ནོར་འཁྲུལ་ཉུང་ཙམ་ལས་མི་འབྱུང་བའམ་ཡང་ན་ནོར་འཁྲུལ་མི་འབྱུང་བར། སློབ་གསོ་དང་མི་སྐྱོབ་པ། མི་ལ་མཐུན་སྒྲིལ་བཅས་བྱེད་པའི་དམིགས་ཡུལ་དངོས་སུ་འགྲུབ་ཐུབ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་གནས་ལུགས་ཁོང་དུ་ཆུད་པར་བྱས་ནས། སྒྲིག་ཁྲིམས་ལག་བསྟར་དང་སྲིད་ཇུས་ཐབས་ཇུས། བསམ་བློའི་ཁྲིད་སྟོན་བཅས་གཅིག་གྱུར་ཡོང་བ་བྱས་ཏེ། སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན། རྐྱེན་ཆུང་ཐོག་ནས་སེལ་བ། རྣ་ལ་སོ་བཏབ་ནས་ཕུ་ཐུང་འཐེན་པ། གདོང་མདོག་དམར་པོར་བསྒྱུར་ནས་རྔུལ་ཆུ་བཞུར་བ། སྒྲིག་འགལ་ཁྲིམས་འགལ་དང་ཐག་གཅོད་དང་ལེན་བྱེད་མཁན་ཏང་ཡོན་ལས་བྱེད་པས་ནོར་འཁྲུལ་ཤེས་ནས་ནོར་འཁྲུལ་ཡོ་བསྲང་དང་སེམས་གཏིང་ནས་འགྱོད་བཤགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་ཀྱིས་དོན་དངོས་ཀྱི་དཔང་རྟགས་དང་བསམ་བློའི་རྣམ་འགྱུར། སྒྲིག་ཁྲིམས་ཀྱི་ཚད་གཞི་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས“དབྱེ་བ་གསུམ”དོན་འཁྱོལ་བྱེད་པ་དང་། སྙོན་འཛུགས་ཉེས་འགེལ་བྱས་པའི་ལས་བྱེད་པར་དུས་ཐོག་ཏུ་མིང་ངོ་མ་གསལ་བཟོ་བྱེད་པ། ཐག་གཅོད་དང་ལེན་བྱས་པའི་ལས་བྱེད་པར་རྗེས་སྙེག་བཅར་འདྲི་བྱེད་རྒྱུར་ཤུགས་སྣོན་བྱེད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས།

བཞི་པ། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྤྱོད་སྲོང་སྒྲིག་ནན་ཁྲོད་ཏང་གཤིས་ཆེ་རུ་བཏང་བ་དང་ཏང་གཤིས་ལ་ཤུགས་སྣོན་བྱས་པ་བརྒྱུད། སྤྱོད་སྲོང་སྒྲིག་ནན་གཏོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་གཅིག་གྱུར་གྱི་གཞི་མཐུན་ཚོགས་སྤྱི་ཞིག་ཡིན་པ་དང་། ཏང་གཤིས་ནི་རྩ་བ་ཡིན་ལ་ཏང་སྲོལ་ནི་ཏང་གཤིས་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཕྱིའི་མཚོན་ཚུལ་ཞིག་ཡིན་པ་དང་། ཏང་གི་སྒྲིག་ཁྲིམས་ནི་ཏང་གཤིས་དང་ཏང་སྲོལ་གྱི་འགན་ལེན་གལ་ཆེན་ཞིག་ཡིན། སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་ངེས་པར་དུ་སྔོན་ལ་སྒྲིག་ཁྲིམས་ནན་ཏན་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་ལེགས་སྐྱོང་གི་ཁྱད་ཆོས་གསར་པ་དང་ཕན་འབྲས་གསར་པ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ།“སྤྱོད་ཚུལ་བཞི་”ཡོ་བསྲང་བྱ་རྒྱུའི་བླང་བྱ་དེ་ཏང་གི་སྒྲིག་ཁྲིམས་ཀྱི་སྲོལ་ཡིག་ནང་འཇུག་པ། ལག་ལེན་གྱི་ཉམས་མྱོང་དེ་ལམ་ལུགས་དང་ཚད་གཞིར་འགྱུར་བ་བཅས་བྱས་ཏེ། སྙིང་རུས་ལྷོད་མེད་ཀྱིས་ལག་བསྟར་བྱས་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་སྒྲིབ་དངོས་བསྐྲུན་དགོས། “སྤྱོད་ཚུལ་བཞི་”ཡོ་བསྲང་དང་སྲོལ་གསར་དུས་མཉམ་དུ་སྤེལ་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཏང་ཡོན་ལས་བྱེད་པས་རང་གིས་རང་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱེད་པ། ཏང་གཤིས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། རང་རྟོགས་ཀྱིས་མི་དམངས་མང་ཚོགས་དང་ཕྱར་བ་གྲུ་འདེགས་དང་མཉམ་དུ་སྒྲུབ་པ་བཅས་བྱས་ཏེ་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇི་སྲིད་བར་དུ་མི་ཉམས་པར་བྱ་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སེམས་ལ་བརྟན་པོར་ངེས་པ་དང་། མཐའ་མཚམས་ཤེས་རྟོགས་དང་མཐའ་ཚད་གསལ་རྟོགས་ཐུབ་པ། གཞན་འདོམས་ཀྱི་བླང་བྱ་དེ་ནང་གནས་ཀྱི་དོན་གཉེར་དུ་འགྱུར་བ་བཅས་བྱས་ཏེ་རང་རྟོགས་ངང་རང་དཔེ་གཞན་སྟོན་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས་ཏང་གཤིས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།