《བདེན་འཚོལ》དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2023.08.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་དང་མི་རིགས་བསྐྱར་དར་འབྱུང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན།

ཟླ8པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན》ཞེས་པ་སྤེལ་ཡོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཅིག་དེང་རབས་ཅན་དུ་བསྐྱོད་དགོས་ན། དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་བརྩི་དགོས་པར་མ་ཟད། རང་རྒྱལ་གྱི་དོན་དངོས་དང་མཐུན་ཞིང་རང་རྒྱལ་གྱི་ཁྱད་ཆོས་ལྡན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་པར་མ་ཟད། སྔར་ལས་ཀྱང་རྒྱལ་ཁབ་རང་གི་གནས་ཚུལ་གྱི་ཁྱད་ཆོས་མངོན་གསལ་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་ལྔ་ལ་ཕྱོགས་སྡོམ་གསལ་པོ་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་གསེད་བཀྲོལ་ཟབ་མོ་བྱས་ཡོད། འདི་ནི་གཞུང་ལུགས་ཀྱི་སྤྱི་སྡོམ་ཡིན་པར་མ་ཟད། ལག་ལེན་གྱི་བླང་བྱའང་ཡིན་ལ། དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་པོར་བསྟན་ཡོད།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དེ་རྒྱལ་ཁའི་ངང་ལག་ལེན་དུ་བསྒྱུར་བ་དང་། ཁྱད་ཆོས་མངོན་གསལ་དེ་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་སུ་བསྒྱུར་བར་དཀའ་སྤྱད་དང་འབད་བརྩོན་བྱེད་དགོས། དང་པོ། མི་གྲངས་ཀྱི་གཞི་ཁྱོན་ཆེ་བའི་དེང་རབས་ཅན། འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་ཞིག་ཡིན། ཀྲུང་གོའི་མི་གྲངས་དུང་ཕྱུར14ལྷག་སྤྱི་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་པ་དང་། དེའི་གཞི་ཁྱོན་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་ཀྱི་སྤྱི་འབོར་ལས་བརྒལ་ཡོད་པས། དེང་རབས་ཅན་གྱི་འཛམ་གླིང་གི་སྒྲིག་གཞི་ལ་བཅོས་སྒྱུར་ཆེན་པོ་གཏོང་རྒྱུ་རེད། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་དེང་རབས་ཅན་ཡིན་ལ། དཀའ་ཁག་ཆེས་ཆེ་བའི་དེང་རབས་ཅན་ཡང་ཡིན། ང་ཚོས་གནད་དོན་བསམ་པ་དང་། ཐབས་ཇུས་འདོན་པ། དོན་དག་བསྒྲུབ་ན། ཐོག་མར་མི་གྲངས་ཀྱི་གཞི་གྲངས་གནད་དོན་ལ་བསམ་བློ་གཏོང་དགོས་ཤིང་། རང་རྒྱལ་གྱི་མཁར་གྲོང་ས་ཁོངས་འཕེལ་རྒྱས་ཆུ་ཚད་ལ་ཧེ་བག་ཆེ་བ་སོགས་ཀྱི་དོན་དངོས་ལ་བསམ་བློ་གཏོང་དགོས་པ་དང་། མཐོ་འདོད་ཆེན་པོ་སྐྱེས་མི་རུང་ལ་སྙིང་ཞེན་བག་འཁུམས་ཀྱང་བྱེད་མི་རུང་། ལོ་རྒྱུས་ཀྱི་དཀྱེལ་ཡངས་སྲུང་འཛིན་སྒོས་བརྟན་ཐོག་ཡར་འཕེལ་དང་གོམ་པ་རིམ་བགྲོད། མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས། གཉིས་པ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན། འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ཡིན་ལ། ནུབ་ཕྱོགས་ཀྱི་དེང་རབས་ཅན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་ཀྱང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“སྤྲི་གོར”ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་མཉམ་དུ། “སྤྲི་གོར”སྔར་ལས་ལེགས་པོར་བགོ་དགོས་ལ། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་ཕན་ཐོགས་པར་བྱས་ཏེ། སྣེ་གཉིས་ཅན་དུ་གྱེས་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གསུམ་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན། དངོས་པོས་ཕྱུག་པོ་ཡིན་དགོས་ལ། བསམ་པའི་སྟེང་ཡང་ཕྱུག་པོ་ཡིན་དགོས་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླ་ན་མེད་པའི་འཚོལ་སྙེག་ཡིན། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་སྟོབས་ལྡན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་སྐུལ་འདེད་གཏོང་བར་ཡར་སྐུལ་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་དགོས་པ་དང་། མི་དམངས་ཀྱི་བསམ་པའི་འཇིག་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་བཏང་ནས། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་ཏུ་བསྟར་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ལྔ་པ། ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་དེང་རབས་ཅན། ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བརྟན་པོ་བྱེད་སྐབས་རང་ངོས་འཕེལ་རྒྱས་བརྩོན་པ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་སྲུང་སྐྱོང་ལེགས་པོ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས་ཤིང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་དང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་ཏུ་བསྟར་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཅས་བྱས་ཏེ། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་ངོ་བརྒྱ་ཕྲག་འགར་སྐྱོད་མྱོང་བའི་བཟོ་ལས་ཅན་གྱི་འཕེལ་རིམ་དུ་བསྐྱོད་པ་དང་། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡིན་པའི་ངོ་མཚར་བྱས་རྗེས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བཏོད་ཡོད། ལག་ལེན་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པ་དང་བརྟན་པོར་བསྐྱོད་རྒྱུ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བའི་ཡང་དག་པའི་གདམ་ག་གཅིག་པུ་ཡིན་པ་ར་སྤྲོད་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།