དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་མཁྲེགས་གཏོར་དཀའ་སེལ་ཐུབ་པའི་ལས་བྱེད་པ་བཟང་པོ་བྱེད་དགོས།
2023.08.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

“སེམས་སུ་ཕུགས་བསམ་ཡོད། ཀུན་གྱི་སྔོན་ལ་སྒྲུབ་པར་ཕོད།”“ཕོད”ཅེས་པའི་ཡིག་འབྲུ་གཅིག་གིས་ཆར་རླུང་གིས་མི་ཁོགས་པའི་བློ་སྤོབས་དང་རི་ལ་ལམ་གཏོད་པའི་འགན་འཁྲི། གསར་གཏོད་ཡར་བརྩོན་བྱེད་པའི་བློ་གྲོས་བཅས་མཚོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ང་ཚོས་ཁུར་ཆེན་ཕྲག་ཏུ་བླངས་ནས་དཀའ་ངལ་གདོང་གིས་བསུས་ཏེ། ཆོད་སེམས་བརྟན་པོ་དང་ཉམས་འགྱུར་བཟང་པོ། ངར་ཤུགས་འཕེལ་བར་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་ལས་སྐྲུན་གྱི་བྱ་གཞག་བསྐྲུན་དགོས”ཞེས་བསྟན་ཡོད། རླབས་ཆེན་གྱི་དུས་རབས་དང་འཕྲད་པས་ང་ཚོས་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་བསམ་ཕོད་པ། བྱ་བ་ལེགས་པོར་སྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། དེ་ལྟར་བྱས་ཚེ་ད་གཟོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བ་དང་མཚོ་སྔོན་གྱི་མི་དམངས་ལ་དྲིན་ལན་འཇལ་ཐུབ།

ལོ་རྒྱུས་དང་ལག་ལེན་གཉིས་ལས་ཏང་གི་འགོ་ཁྲིད་འོག་མཚོ་སྔོན་འདི་ཉིད་དཀའ་སྡུག་ཆེ་བ་ནས་ཉམས་པ་སླར་གསོ་འབྱུང་བའི་བར་དང་། ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་ནས་མ་འོངས་པའི་ཕྱོགས་སུ་བསྐྱོད་པའི་མཆོང་སྐྱོད་རེ་རེ་ནི“ཕོད་པ”དང“མཆོང་བ།”“བསྒྲུབ་པ”བཅས་ཀྱི་སྙིང་སྟོབས་དང་འབྲལ་ཐབས་མེད་པ་ར་སྤྲོད་བྱས་ཡོད། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་མདུན་དུ་བསྐྱོད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར། ང་ཚོས་དེ་བས་སྒྲུབ་ཕོད་པ་དང་རྙིང་ཞེན་གྱི་བསམ་བློ་མེད་པར་བཟོ་ཕོད་པ། སྔར་ལས་བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་གསར་གཏོད།“སྔར་བྱུང་མ་མྱོང་བའི”བྱ་གཞག་སྒྲུབ་ཕོད་པ།“ལོ་རྒྱུས་ཐོག་བྱུང་མ་མྱོང་བའི”ལས་དོན་སྒྲུབ་ཕོད་པ།“གཞན་དང་མི་འདྲ་བའི”ལམ་བུ་གསར་པ་ཞིག་ཏུ་སྐྱོད་ཕོད་པ།“དུས་བབ་དང་མི་འཚམ་པའི”ལམ་ལུགས་རྙིང་བ་འདོར་ཕོད་པ། དཀའ་ངལ་ཁྱད་གསོད་ཀྱིས་དམིགས་འབེན་འགྲུབ་རག་བར་མཚམས་མི་འཇོག་པ་བཅས་བྱེད་དགོས།

“ཕོད་པ”ཞེས་པ་ནི་བློ་སྤོབས་ལ་བརྟེན་དགོས་པ་ཞིག་རེད། རྒྱུ་མཚན་ནི་ང་ཚོའི་རྒྱབ་ཕྱོགས་ན་ཏང་དང་མི་དམངས་ཡོད་པས་གང་ལའང་སྐྲག་དགོས་དོན་མེད། “སྒྲུབ་པ”ཞེས་པ་ནི་འགན་འཁྲི་ཞིག་ཡིན་ཞིང་། ང་ཚོས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ནམ་ཡང་ལྷོད་གཡེང་བྱ་མི་རུང་། དྲོད་ཁང་ནང་དུ་གནམ་ལ་ཟུག་པའི་སྡོང་བོ་སྐྱེ་མི་ཐུབ་ལ། སྒྱིད་ལུག་ཅན་གྱིས་བྱ་གཞག་ཆེན་པོ་འགྲུབ་མི་སྲིད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་ཉེན་ཁ་དང་ཉམས་སད། ཐ་ན་རྦ་རླབས་འཇིགས་སུ་རུང་བ་ལྟ་བུར་གདོང་གཏོད་པར་བརྩོན་པ་མ་བྱས་ན། འབྲས་བུ་མེད་པ་དང་བསྒུགས་ནས་བསྡད་ན་མདུན་ལམ་མེད། གཞན་གྱི་སྔོན་ལ་སྒྲུབ་པའི་སྙིང་རུས་དང་། མི་མེད་ལུང་སྟོང་ཉུལ་བའི་བློ་སྤོབས། དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་མདུན་དུ་བསྐྱོད་པའི་སྙིང་སྟོབས། སྒྲུབ་ཕོད་པའི་སྙིང་སྟོབས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་བརྩོན་ལེན་བཅས་བྱས་ན་ད་གཟོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཐུབ། བྱ་གཞག་གསར་གཏོད་བྱེད་པར་སྤོབས་པ་མེད་ན་མི་ཆོག་ལ། ང་ཚོས་རྒྱུན་དུ་གྲི་རྡོ་བའི་སྟེང་ནས་བརྡར་དགོས་པ་དང་མི་བྱ་བའི་ཁྲོད་ནས་སྦྱོང་བརྡར་བྱེད་དགོས་ཞེས་བཤད་པ་ལྟར། ཏང་གི་ལས་བྱེད་པས་ཆར་རླུང་ལྟ་བུའི་དཀའ་སྡུག་བརྒྱུད་པ་དང་། མཐོང་ཐོས་མྱོང་གསུམ་གྱི་ཁྲོད་དུ་འཇོན་ཐང་དང་སྙིང་སྟོབས་བསྐྱེད་ན། ད་གཟོད་འགན་ཁུར་ཐེག་པ་དང་ནུས་པ་ངོ་མ་འདོན་ཐུབ་ལ། བསམ་ཕོད་པ་དང་སྒྲུབ་ཕོད་པ། འགན་འཁྲི་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པའི་གོམས་གཤིས་ཆགས་སུ་བཅུག་ན། ད་གཟོད་འགྲན་སློང་གལ་ཆེན་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་ཤུགས་ཆེན་པོ་སེལ་བ། འགལ་བ་ཆེན་པོ་ཐག་གཅོད་པ་བཅས་ཀྱི་ཁྲོད་གདོང་མཆོང་དཔུང་གཏོར་དང་བྱས་རྗེས་འཇོག་ཐུབ།

ལས་དོན་སྒྲུབ་ཕོད་མཁན་ལ་རྒྱབ་སྐྱོར་དང་བྱས་རྗེས་ཅན་ལ་གོ་གནས་ཡོད་པར་བྱེད་དགོས། ཞིང་ཆེན་ཏང་ཨུ་ཡིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཡོངས་ལ་བླང་བྱ་གསལ་པོ་བཏོན་ཡོད་དེ། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་སྒྲུབ་མཁས་པའི་ལས་བྱེད་པ་རྣམས་ཀྱིས་བློ་རྒྱ་ཆེར་བསྐྱེད་ཀྱིས་བྱ་བ་བསྒྲུབ་དགོས། ཁྱོད་ཚོ་ནི་རྒྱུགས་སྤྲོད་ཀྱི་ལམ་དུ་བསྐྱོད་པའི“དཔའ་བོ་ཁེར་རྐྱང”མ་ཡིན་ཏེ། ཞིང་ཆེན་ཏང་ཨུ་ནི་དུས་ནམ་ཡང་ཁྱོད་ཚོའི་རྒྱབ་རྟེན་བརྟན་པོ་དེ་ཡིན་ལ། མི་དམངས་དང་རྩ་འཛུགས་ཀྱིས་ཁྱོད་ཚོའི་འབད་བརྩོན་དང་བྱས་རྗེས་མཐོང་ཡོད། འདིས་ཞིང་ཆེན་ཏང་ཨུ་ཡིས་སྒྲུབ་ཕོད་མཁན་ལ་རྒྱབ་སྐྱོར་བྱེད་པ་དང་། བྱས་རྗེས་ཅན་ལ་གོ་གནས་ཡོད་པར་བྱེད་པའི་ལངས་ཕྱོགས་བརྟན་པོ་དང་རྣམ་འགྱུར་གསལ་པོ་མཚོན་ཞིང་། རྒྱ་ཆེའི་ལས་བྱེད་པར་མཁྲེགས་གཏོར་དཀའ་སེལ་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱ་བ་སྒྲུབ་པའི་སྐུལ་སློང་བཀའ་རྒྱ་དང་འབོད་སྐུལ་བཏང་བ་རེད། ང་ཚོས་སྐུལ་མ་གཏོང་བ་དང་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འགན་འཁུར་མཁན་ལ་འགན་འཁུར་བ་དང་། བྱ་བ་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱས་ནས་འགན་འཁྲི་འཁུར་འདོད་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་འཁུར་ནུས་པ་བཅས་སྲོལ་བཟང་དུ་འགྱུར་བར་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་དང་ངར་ཤུགས་འཕེལ་བར་བྱས་ཏེ། རྣམ་པ་གསར་པ་དང་ནུས་པ་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།

ལོ་རྒྱུས་ཀྱི་རླབས་རྒྱུན་ཉིན་མཚན་དབྱེར་མེད་ཀྱིས་དྲག་ཏུ་འཕྱུར་ནས་མདུན་དུ་བསྐྱོད། ང་ཚོས་སྔོན་རབས་པའི་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་ལ་བརྟེན་ནས། ཞུམ་པ་མེད་པར་མདུན་དུ་བསྐྱོད་པའི་འབད་འཐབ་ཉམས་འགྱུར་དང་། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་འགན་འཁྲི་ལྕི་མོ་འཁུར་ཕོད་པའི་སྙིང་སྟོབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།