དྲི་བ་བརྒྱ་དང་བཅུ་གཉིས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་དོན་ཅི་ཡིན་ནམ།
2023.08.22 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 4

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས”ཞེས་བསྟན་ཡོད། འདི་ནི་ཏང་གི་འཛུགས་སྐྲུན་གྱི་ཁྱབ་ཁོངས་གསར་པ་དང་། གཡུལ་ས་གསར་པ། ལས་གཞི་གསར་པ་བཅས་ལ་དམིགས་ནས་བཏོན་པའི་བླང་བྱ་གལ་ཆེན་ཡིན་པ་དང་། དེས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

དང་པོ། འདི་ནི་ཏང་གི་གསར་དར་ཁྱབ་ཁོངས་ཀྱི་འབོད་སྐུལ་བྱེད་ཤུགས་དང་། གཅིག་བསྡུས་བྱེད་ཤུགས། ཤན་ཤུགས་ཇེ་དྲག་ཏུ་གཏོང་བ་ཞིག་ཡིན་པ་དང་། ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བཅས་སྲ་བརྟན་དུ་གཏོང་བའི་དགོས་མཁོ་ཞིག་རེད། ཚགས་དམ་པའི་རྩ་འཛུགས་མ་ལག་ནི་ཏང་གི་ཁྱད་སྟོབས་དང་སྟོབས་ཤུགས་རེད། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་བསྟུན་ནས། རང་རྒྱལ་གྱི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་ཉིན་རེར་རིམ་བཞིན་སྟོབས་ལྡན་དུ་གྱུར་པ་དང་། སྟེགས་བུའི་དཔལ་འབྱོར་གྱི་ཚབ་བྱེད་པའི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ལས་ཞུགས་ཚོགས་སྤྱི་གསར་པ་མང་པོ་གཅིག་བསྡུས་བྱས་ཡོད། ཁྱབ་ཁོངས་དེ་དག་གི་འཕེལ་རྒྱས་གཏོང་སྟངས་གསར་པ་དང་། རྩ་འཛུགས་ཀྱི་རྣམ་པ་གསར་པ། འཁོར་སྐྱོད་བྱེད་སྟངས་གསར་པ། རབས་བརྗེ་བྱེད་ཚད་བཅས་ཀྱི་འཕེལ་རྒྱས་ཤིན་ཏུ་མགྱོགས་པ་དང་། གཞི་ཁྱོན་ཆེ་ཞིང་། སིམ་འཛུལ་བྱེད་ཚད་དྲག་པ་དང་། གསོན་ཤུགས་ཆེན་པོ་ལྡན་པའི་ཁྱབ་ཁོངས་ཤིག་རེད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་ངེས་པར་དུ་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་རྣམ་པའི་འགྱུར་ལྡོག་གསར་བར་རྩེ་གཅིག་ཏུ་དམིགས་པ་དང་། ལས་རྣམ་གསར་པའི་འཕེལ་རྒྱས་ལ་ཚད་མཐོན་པོས་དོ་སྣང་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ཏང་གི་རྩ་འཛུགས་དྲ་བ་དམ་ཚགས་ཡོང་བར་བྱེད་པ། ཏང་གི་རྩ་འཛུགས་དང་བྱ་བའི་ཁེབས་ཚད་རྒྱ་སྐྱེད་དེ། ལས་རྣམ་གསར་བའི་ཚོགས་སྤྱིའི་བསམ་བློའི་ཁྲིད་སྟོན་དང་གཅིག་བསྡུས་ཀྱི་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་ཏེ། ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

གཉིས་པ། འདི་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་པ་དང་ཞི་འཇགས་སུ་གཏོང་བའི་དགོས་མཁོ་ཞིག་རེད། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་རྣམ་གསར་པ་བཅས་འཕེལ་རྒྱས་མགྱོགས་པོ་བྱུང་བས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་བྱ་གཞག་དར་རྒྱས་ཡོང་བ། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་པ། སྤྱི་པའི་ཞབས་ཞུ་འདོན་སྤྲོད་སོགས་ཀྱི་ཐད་ལ་ཉིན་རེར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཉེན་ཁ་ངེས་ཅན་ཞིག་ཀྱང་འབྱུང་བ་རེད། དཔེར་ན། མ་རྩ་ཆེས་ཆེར་རྒྱ་སྐྱེད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་སིམ་འཛུལ། སྒེར་སྡེམ་ཚོང་གཉེར། ངལ་རྩོལ་པ་དང་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་དང་། ཐ་ན་འགྲན་སློང་ལྟ་སྐུལ་དོ་དམ་དང་གླེང་ཕྱོགས་ལ་ཁ་ལོ་བསྒྱུར་བ་སོགས་ཀྱི་གནད་དོན་ལྟ་བུ་རེད། ཡང་དཔེར་ན། མཉམ་འབྲེལ་དྲ་རྒྱ་ནི་དེང་སྐབས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གཡུལ་ས་གཙོ་བོ་ཡིན། མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་པོར་སོང་བ་དང་བསྟུན་ནས། སྨྱན་སྦྱོར་གསར་པའི་ལས་བྱེད་མི་སྣ་དང་དྲ་སྟེང་གི“བསམ་འཆར་གྱི་སྣེ་ཁྲིད་མཁན”ནང་དུ་ཚུད་པའི་དྲ་རྒྱའི་མི་སྣས་མཉམ་འབྲེལ་དྲ་རྒྱའི་གླེང་གཞི་ལ་ཐེ་གཏོགས་བྱེད་ཐུབ་ཀྱིན་ཡོད་པས། ནུས་པ་དེ་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། གཡུལ་ས་དེ་ཏང་གིས་བདག་བཟུང་མ་བྱས་ན། སྟོབས་ཤུགས་གཞན་དག་གིས་བདག་བཟུང་བྱེད་ངེས་ཡིན་པ་དང་། མི་དེ་ཚོར་ཏང་གིས་མཐུན་སྒྲིལ་མ་བྱས་ན། སྟོབས་ཤུགས་གཞན་དག་གིས་བསླུ་བྲིད་བྱེད་ངེས་རེད། གནད་དོན་འདི་དག་ཐག་གཅོད་བྱེད་དགོས་ན། སྒྲིག་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ལྟ་སྐུལ་དོ་དམ་ནུས་པའང་མཐོར་འདེགས་གཏོང་དགོས་ལ། ཏང་གི་འགོ་ཁྲིད་དང་། ཏང་འཛུགས་སྐྲུན་གྱི་ཁྱད་དུ་འཕགས་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པར་སྔར་ལས་མཐོང་ཆེན་བྱེད་དགོས་ཤིང་། མིག་གིས་མཐོང་ཐུབ་པ་དང་། གཅིག་གྱུར་ཡོང་ཐུབ་པ། དོ་དམ་བྱེད་ཐུབ་པའི་སྒྲིག་སྲོལ་རྐྱེན་སྲོལ་ཞིག་བཙུགས་ནས་འཕྲེད་ངོས་དང་གཞུང་ངོས་ཟུང་འབྲེལ་དང་གོང་འོག་མཉམ་འབྲེལ་གྱི་ཏང་འཛུགས་བྱ་བའི་མ་ལག་བཙུགས་ཏེ། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱ་དགོས།

གསུམ་པ། འདི་ནི་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་པ་དང་། མང་ཚོགས་བྱ་བ་ལེགས་པོར་སྒྲུབ་པའི་དགོས་མཁོ་རེད། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པའི་ཁྲོད་ཀྱི་ཤེས་ལྡན་པ་སྟེ། དཔེར་ན་ཁྲིམས་རྩོད་པ་དང་། རྩིས་གཉེར་པ། དཔྱད་འཇོག་པ། ཁྲལ་དོན་པ་སོགས་ཆེད་ལས་མི་སྣ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་འཚར་ལོངས་བྱུང་བའི་སྤྱི་ཚོགས་ཀྱི་ཚོགས་སྤྱི་ཞིག་རེད། ཁྲོམ་རའི་དཔལ་འབྱོར་དང་མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་པོ་སོང་བ་དང་ཆབས་ཅིག རང་མོས་ལས་རིགས་པ་དང་། དྲ་རྒྱའི་སྟེང་གི“བསམ་འཆར་གྱི་སྣེ་ཁྲིད་མཁན།”དྲ་སྟེང་གི་རྩོམ་པ་པོ། རང་མོས་རྩོམ་འབྲི་བ། ཡུལ་གྱར་སྒྱུ་རྩལ་པ་སོགས་གསར་དར་ཚོགས་སྤྱི་མང་པོ་ཐོན་པ་དང་། དྲ་སྟེང་ནས་ཁ་ཆད་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་། དྲ་སྟེང་ནས་ཁ་ཆད་བྱས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ། ཕྱིར་བཙོང་ཟ་མ་སྐྱེལ་མཁན། མྱུར་སྐྱེལ་པ་སོགས་ཀྱི་བྱ་བ་སྒྲུབ་པའི་ཞོར་ལས་པ་མང་པོ་ངལ་རྩོལ་གྱི་དཔུང་ཆེན་གསར་པ་ཞིག་ཏུ་གྱུར་ཡོད། ལས་ཞུགས་གསར་པའི་ཚོགས་སྤྱི་ནི་མཛེས་སྡུག་འཚོ་བ་འཚོལ་སྙེག་བྱེད་མཁན་དང་། གསར་གཏོད་བྱེད་མཁན། སྲུང་སྐྱོབ་བྱེད་མཁན་བཅས་ཡིན་ལ། སྤྱི་ཚོགས་བཅོས་སྐྱོང་ལ་རྒྱབ་བརྟེན་བྱེད་ཆོག་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། དེ་དང་ཆབས་ཅིག་མྱུར་སྐྱེལ་པ་དང་། ཟ་མ་སྐྱེལ་མཁན། དྲ་ཐོག་ནས་ཁ་ཆད་བྱས་པའི་རླངས་འཁོར་ཁ་ལོ་བ་སོགས་བབ་བསྟུན་ལས་ཞུགས་ཀྱི་ཚོགས་སྤྱི་ཡང་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ནང་ལྟོས་བཅས་ཀྱིས་ཉམས་ཞན་ཚོགས་སྤྱི་ཡིན་པ་དང་། ཁོ་ཚོ་དང་སྟེགས་བུའི་ཁེ་ལས་བར་གྱི་མཉམ་ལས་འབྲེལ་བ་ཅུང་ལྷོད་ཅིང་། བརྟན་འཇགས་ཀྱི་ངལ་རྩོལ་འབྲེལ་བ་མེད་ལ། ཡོང་སྒོ་བརྟན་འཇགས་མིན་པ། འབྲེལ་ཡོད་འགན་སྲུང་ཉུང་བ།“སེམས་ཁུར”མང་བ་དང་“དོན་རྐྱེན་འབྱུང་སླ”བ་ཡིན་པས། གནད་དོན་གཅིག་བྱུང་ཚེ་སྤྱི་ཚོགས་ཧྲིལ་བོར་ཤུགས་རྐྱེན་ཐེབས་སྲིད། འདིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཚོགས་སྤྱིའི“གསར་པ”གང་དུ་ཡོད་པ་དང་“འགྱུར་བ”གང་དུ་ཡོད་པ་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། རང་འགུལ་གྱིས་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཅས་བྱས་ཏེ། ལས་ཞུགས་གསར་པའི་ཚོགས་སྤྱི་ཡིས་ཏང་གི་རྩ་འཛུགས་ཀྱི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱ་དགོས་པའི་བླང་བྱ་བཏོན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།