ཧུར་བརྩོན་དང་གཏན་འཇགས། དགེ་སེམས་བཅས་ལྡན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་འཕེལ་རྒྱས་ཆེན་པོ་འབྱུང་སྲིད།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས།

འདི་ནི་ལོ་རྒྱུས་ཀྱིས་བློ་སྒོ་ཟབ་མོ་ཕྱེ་བ་ཞིག་ཡིན་ལ་མ་འོངས་པར་ཁ་ཕྱོགས་པའི་ཡིད་ཆེས་བརྟན་པོ་ཞིག་ཀྱང་ཡིན། “འགོག་རྐྱེན་ཇི་ཙམ་བྱུང་ཡང་ཧུར་བརྩོན་དང་གཏན་འཇགས། དགེ་སེམས་བཅས་ལྡན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་འཕེལ་རྒྱས་ཆེན་པོ་འབྱུང་སྲིད།” 2023ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་གྲོལ་བའི་མཛད་སྒོའི་ཐོག་གི་ཤིས་ཚིག་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་མཉམ་ལས་ཟབ་མོར་གཏོང་བ་དང་། ཉེན་ཁའི་འགྲན་སློང་ལ་ཁ་གཏད་འཇལ་བ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པ་བཅས་ཀྱི་དུས་རབས་ཀྱི་འབོད་སྐད་བསྒྲགས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སྟོབས་ཆེར་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་འགྲིལ་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེར་བརྟན་བརླིང་རང་བཞིན་སྔར་ལས་མང་བ་བསྣན་ཏེ། ཐུན་མོང་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཆེད་དྲང་ནུས་སྔར་ལས་མང་བ་མཁོ་འདོན་བྱས་ཡོད།

གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་གསེར་གྱོམ་མཉམ་ལས་ལམ་སྲོལ་དེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། གསེར་གྱོམ་རྒྱལ་ཁབ་ལྔ་པོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་ཀྱིས་དྲང་གཞག་དྲང་བདེན་དར་སྤེལ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་དང་ཇུས་གཞི་འདོན་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་འབེན་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་སྣེ་ཁྲིད་དོན་འཁྱོལ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གླེང་མོལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་གྱིས་རང་སྟོབས་ཆེར་སྐྱེད་ཡོང་ཐབས་བཅས་བྱ་དགོས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འདས་ཟིན་པའི་ལོ20ཡི་ནང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཕན་འབྲས་འབུལ་ཚད80%ཟིན་པ་དང་། འདས་ཟིན་པའི་ལོ40ཡི་ནང་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་གོ་ལ་ཧྲིལ་པོའི་བསྡུར་ཚད་24%ནས40%ཡན་ཟིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་མཚོན་བྱེད་དུ་བྱེད་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་དར་རྒྱས་བྱུང་ནས་འཛམ་གླིང་གི་མངའ་ཁོངས་རྩ་བའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་པ་ལག་ལེན་དངོས་ལས་ར་སྤྲོད་བྱས་ཡོད།

ཉེ་བའི་ལོ་འགའི་རིང་ལ། གསེར་གྱོམ་རྒྱལ་ཁབ་ཀྱིས་སྒོ་འབྱེད་ཁོང་ཡངས་དང་མཉམ་ལས་གཉིས་ཕན་གྱི་གསེར་གྱོམ་སྙིང་སྟོབས་ལ་བརྟེན་ནས། ལམ་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། ས་ཁོངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་ངོ་མཚར་གཏམ་རྒྱུད་བསྐྲུན་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་གསེར་བྱང་ལྟ་བུར་གྱུར་ཡོད། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག དངོས་གཉེར་གསར་གཏོད། མཉམ་ལས་གཉིས་ཕན། བློ་རྒྱ་ཆེན་པོས་འཛམ་གླིང་ཡོངས་ལ་བསམ་བློ་གཏོང་བ། རང་ཉིད་ཀྱི་ཁེ་ཕན་སྒྲུབ་པ་ལ་སོགས་པའི་གསེར་གྱོམ་སྙིང་སྟོབས་དེ་ལག་ལེན་ཁྲོད་རྒྱུན་མི་ཆད་པར་གོང་འཕེལ་བཏང་ནས། རྒྱལ་ཁབ་ལྔ་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། གསེར་གྱོམ་མཉམ་ལས་ཀྱི་དབང་གིས་འཛམ་གླིང་ལ་ཅུང་མི་འདྲ་བ་བྱེད་དགོས།

དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཐོག་ནས་སྤེལ་བཞིན་ཡོད་པ་དང་། འཕེལ་རྒྱས་བརྩོན་པ་དང་མཉམ་ལས་ཡོང་ཐབས་བྱ་རྒྱུ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་འཚོལ་སྙེག་ཏུ་གྱུར་ཡོད། ད་ལྟ། རྒྱལ་ཁབ20ལྷག་ཙམ་གྱིས་གསར་གྱོམ་གྱི་སྒོ་མོ་ཕྱེ་བཞིན་ཡོད་པས། རྒྱལ་ཁབ་སྔར་ལས་མང་བས་གསེར་གྱོམ་མཉམ་ལས་ནང་ཞུགས་རྒྱུའི་རེ་བ་བྱེད་པ་དང་གསེར་གྱོམ་མཉམ་ལས་ལམ་སྲོལ་གྱི་གསོན་ཤུགས་ཆེན་པོ་དང་ཤུགས་རྐྱེན་ཐེབས་ཤུགས་གང་ལེགས་མངོན་ཡོད། གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་50ལྷག་ཙམ་ལྷོ་ཨ་ཧྥེ་རི་ཁ་རུ་མཉམ་དུ་འཚོགས་པ་དང་། དེ་ནི་སུ་ཞིག་གིས་རུ་ཁག་བདམས་པ་ཞིག་མིན་ལ་དཔུང་སྡེས་ཁ་གཏད་དུ་ལངས་པ་ཞིག་ཀྱང་མ་ཡིན་པར་ཞི་བདེ་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་ཞིག་གཏོད་ཡོད། གསེར་གྱོམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གསེར་གྱོམ་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་། “གསེར་གྱོམ”གྱི་རྣམ་པ་རྒྱ་ཆེར་གཏོང་བ། ཁོངས་མི་རྒྱ་ཆེར་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་དར་ཁྲོམ་རའི་རྒྱལ་ཁབ་གཞན་དག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། གསེར་གྱོམ་མཉམ་ལས་ལམ་སྲོལ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཁྲོད་སྔར་ལས་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བཅས་བྱས་ནས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཟང་ཟིང་དུ་འགྱུར་བའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་སྦྱིན་ངེས་རེད།

དེང་གི་འཛམ་གླིང་ནི་དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རེ་བ་བྱེད་པ་ནི“འཇམ་འཐབ་གསར་པ”མིན་ལ། “ཤོག་ཁག་ཆུང་བ”ཡང་མིན་པར། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་ཞིག་ཡིན་པ་དང་། ཐུན་མོང་ཐོག་དར་རྒྱས་དང་། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་རེད། འདི་ནི་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཞིག་ཡིན་ལ། གསེར་གྱོམ་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་ནམ་ཡང་འགྱུར་མེད་པའི་རྩ་བའི་སྒུལ་ཤུགས་ཤིག་ཀྱང་རེད། བགྲོད་ལམ་ཆེན་པོར་སྐྱོད་སྐབས་གནམ་འོག་སྤྱི་ལ་དབང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའམ་ཡང་ན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་གང་ཞིག་བཏོན་རུང་། ཀྲུང་གོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་སེམས་སུ་བཅངས་ནས། བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་ཀྱིན་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། གསེར་གྱོམ་མཉམ་ལས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་མང་བ་དང་སྔར་ལས་ལེགས་པོ་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱེད་ཀྱིན་ཡོད།

“ལྷོ་ཨ་ཧྥེ་རི་ཁ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ཚང་མས་ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གིས་འགྲན་སློང་ལ་ཁ་གཏད་འཇལ་བ། སྔར་ལས་འདྲ་མཉམ་དང་། དྲང་བདེན། ལུགས་མཐུན་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་སྐུལ་འདེད་བྱེད་ཀྱིན་ཡོད།” ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱའི་གཏམ་བཤད་ལས་རྒྱལ་ཁབ་སོ་སོའི་ཡོངས་ཁྱབ་ཀྱི་བསམ་འདུན་མཚོན་པར་བྱས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགག་རྩའི་གནས་སུ་ལངས་ཏེ་རྒྱལ་ཁབ་སོ་སོས་འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ། མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་གང་ལའང་མི་སྐྲག་པར་མིའི་རིགས་འཕེལ་རྒྱས་ཀྱི་གྲུ་གཟིངས་ཆེན་པོ་དེ། སྔར་ལས་འོད་སྟོང་འཕྲོ་བའི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།