ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོའི་རུ་ཞོལ་མ་སྡེ་བས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསླངས།
2023.08.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ཧོར་ནག་ཡུལ་ཚོའི་རུ་ཞོལ་མ་སྡེ་བའི་བྱང་ངོས་ཀྱི་རི་རྩེར་འགྲེངས་ནས་རྒྱང་ལྟ་བྱས་པ་ན། རི་འདབས་ཀྱི་གྲོང་ཚོ་ནི་ཕྱོགས་བཞི་སྔོ་ལྗང་ལྗང་བྱེད་པའི་སྐས་ཞིང་གིས་ཡོངས་སུ་བརྒྱན་ལ། ཞིང་ནང་དུ་ནས་ཀྱི་སྙེ་མའི་མགོ་བོ་ཁུར་གྱིས་དུད་ཅིང་། ལོ་འདབ་རྒྱས་པའི་ཡུག་པོ་ཡང་སྨིན་ལ་ཉེ་བས། ཟླ་ཕྱེད་ཙམ་གྱིས་ལོ་ཏོག་བསྡུས་ནས་འབྲུ་མཛོད་དུ་བཅུག་ཆོག

སྐྱེ་སྟོབས་རབ་ཏུ་རྒྱས་པའི་རུ་ཞོལ་མའི་ཞིང་ཁ་རུ་འགྲོ་དུས། ད་ལྟ་ལོ་ལེགས་རབ་ཏུ་སྨིན་པའི་ཞིང་ས་གཤིན་པོ་དེ་དག་དེ་སྔ་བེད་མེད་ས་རྒོད་ཅིག་ཡིན་པ་ཀུན་གྱི་བློ་ངོར་ཡང་ཤར་དཀའ་བ་ཞིག་རེད།

མི་རབས་གསར་པའི་ཞིང་པས་ཕ་མེས་ཀྱི་རྐང་རྗེས་སྙེག་པའི་དུས་ན། སྲོལ་རྒྱུན་གྱི་རྨོ་འདེབས་ཐད་བཏང་བའི་འགྲོ་སོང་དང་ཐོན་འབབ་བར་གྱི་འགལ་བ་ཉིན་བཞིན་མངོན་གསལ་ཡིན་པ་མཐོང་བས། རུ་ཞོལ་མ་སྡེ་བའི་ན་གཞོན་མང་པོ་ཞིག་གིས་རང་བཞིན་གྱིས་རྨོ་འདེབས་བསྐྱུར་ནས་སྒོ་ཕྱི་རུ་སོང་ནས་ཞོར་ལས་གཉེར་བའི་ལམ་ཁ་དེ་བདམས་སོང་།

ཚ་རླབས་དེའི་སྐུལ་འདེད་འོག 2015ལོའི་སྔ་གཞུག་ཏུ་རུ་ཞོལ་མ་སྡེ་བའི་ས་རྒོད་རིམ་བཞིན་ཇེ་མང་དུ་སོང་བ་དང་། 2017ལོའི་བར་དུ་སྡེ་བ་ཡོངས་ཀྱི་ས་རྒོད་ཀྱི་རྒྱ་ཁྱོན་སྤྱི་ཆིང80ལྷག་ལ་སླེབས་ཏེ། སྡེ་བ་ཡོངས་ཀྱི་ཞིང་སའི20%ལས་བརྒལ།

སྐབས་དེའི་རུ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་མཁར་རྒྱལ་གྱིས་བཤད་རྒྱུར། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཞིང་པ་བྱས་པས། ས་ཞིང་ཚང་མ་ས་རྒོད་དུ་གྱུར་པ་མཐོང་སྐབས་སེམས་ནང་དུ་དངངས་འཚབ་ཆེན་པོ་སྐྱེས་མོད། ཡང་སྙིང་ཅི་ཞིག་བྱེད་དགོས་མིན་མི་ཤེས་ཟེར།  ཏག་ཏག་སྐབས་དེར་བྱམས་མཁར་རྒྱལ་གྱིས་རུ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ལྕི་མོ་ཁུར་ཡོད་པ་དང་། ད་ཡོད་གནས་ཚུལ་གྱི་མདུན་དུ་ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡང་རེ་ཞིག་ཐབས་ཤེས་ཡག་པོ་ཞིག་རྙེད་མ་བྱུང་སྟེ། གང་ལྟར་ཀྱང་ངས་ཚང་མ་ཕྱི་རུ་སོང་ནས་སྒོར་མོ་བཙལ་བའི་ལམ་བུ་དེ་འགོག་ག་ལ་རུང་ཞེས་བཤད།

2018ལོའི་གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པའི་སྒང་དེར། རུ་ཞོལ་མ་སྡེ་བས་དུས་བབ་དང་བསྟུན་ནས་རྒྱུ་ནོར་གཙང་བཤེར་དང་མ་དངུལ་ཞིབ་རྩིས། མ་རྐང་ཚད་འབེབས་བཅས་བྱས་ཏེ་སྡེ་བའི་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་རེད། 2020ལོའི་ལོ་མགོར་སླེབས་པ་ན། མཉམ་ལས་ཁང་གིས་ཚོད་ལྟའི་རང་བཞིན་གྱི་སྒོ་ནས་ནས་ནག་འདེབས་པ་སོགས་ཀྱི་བྱ་བ་བསྒྲུབས་པར་ཐོན་འབབ་མི་དམན་པ་བྱུང་ཡང་། སྟོབས་ཤུགས་ཞན་དྲགས་པས་གྲུབ་འབྲས་ཡིད་ཚིམ་པ་ཞིག་ལེན་མ་ཐུབ། འོན་ཀྱང་དེས་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བཏིངས།

གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་སྟེ། 2021ལོར་ཐུན་རིན་གྲོང་ཁྱེར་གྱིས་གཟན་རྩྭའི་ཐོན་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་པ་དང་། ཧོར་ནག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས།  རུ་ཞོལ་མ་སྡེ་བ་ལ་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་མོ་ས་ཡ་དྲུག་བརྩོན་ལེན་བྱས་པས།  སྡེ་བ་ཡོངས་ཀྱི་མ་རྐང་འཇོག་མཁན་གྱི་ཁྱིམ་ཚང250སྤྲོ་སེམས་རབ་ཏུ་རྒྱས་སོང་།

འཕེལ་རྒྱས་ཀྱི་མ་དངུལ་ཡོད་པའི་རུ་ཞོལ་མ་སྡེ་བ་ནི་གཤོག་པ་ཐོགས་པ་བཞིན་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ཁྲོད་དགུང་ནམ་འཕང་བསྟད་ནས་འཕུར་མགོ་བརྩམས། 2021ལོར། རུ་ཞོལ་མ་སྡེ་བས་གྲོང་གསེབ་དར་སྤེལ་དང་ཐེན་ཅིན་གྱི་རོགས་སྐྱོར། སྡེ་བའི་ཐུན་མོང་དཔལ་འབྱོར་སོགས་ཀྱི་མ་དངུལ་སྣ་ཚོགས་སྡུད་སྒྲིལ་བྱས་ནས་གཟན་རྩྭ་དང་གཟན་ཆག་གསོག་མཛོད་ཁང་དང་། སྒྲིག་ཆས་གསོག་མཛོད་ཁང་བཙུགས་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་ནས་ཆེད་ཚོང་ཁང་ཕྱེས་པ་དང་། འཕྲུལ་ཆས་ཉོས་ནས་སོན་འདེབས་དང་བརྔ་སྡུད། ལས་སྣོན། གསོག་འཇོག ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་མངོན་འགྱུར་བྱས་པ་རེད།

2022ལོར། མཉམ་ལས་ཁང་གིས་ཕྱོགས་ཡོངས་ནས་ས་རྒོད་བསྐྱར་སྦོལ་བྱས་ཐོག སྡེ་བ་ཡོངས་ཀྱིས་མ་རྐང་བཅག་ནས་མཉམ་ལས་ཁང་དུ་བཞག་པའི་ས་ཞིང་སྤྱི་ཆིང་སུམ་བརྒྱ་བདུན་ཅུ་ལྷག་བེད་སྤྱད་དེ། ཡུག་པོ་དང་ནས་ནག ལོག་དཀར་བཅས་བཏབ་པར་མ་ཟད། ལས་སྣོན་དང་ཕྱིར་ཚོང་ཐེངས་གཉིས་པ་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ཞིང་འདེབས་པ་དེ་རིམ་གྱིས་ཐོན་ལས་ཚན་ཁག་ཅིག་ཏུ་གྲུབ་སྟེ། ལོ་མཇུག་ཏུ་མཉམ་ལས་ཁང་གི་ཡོང་འབབ་སྒོར་མོ་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་ལ་སླེབས་པ་དང་། སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བདུན་གྱི་ཁེ་ཕོགས་བགོ་བཤའ་རྒྱག་བརྒྱག་ཐུབ་པ་བྱུང་།

རུ་ཞོལ་མ་སྡེ་བར་རྨོ་ཞིང་སྤྱི་ཆིང་སུམ་བརྒྱ་དོན་གཉིས་ཡོད་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་གཅིག་དང་གྲངས་ཆུང་ལྔ་ཡོད། རྒྱ་ཁྱོན་ཆེ་ལ་ས་བབ་རྙོག་འཛིང་ལྡན་པ་དང་། འཕྲུལ་ཆས་ཅན་གྱི་ཆུ་ཚད་དམའ་བ་བཅས་ཀྱི་དབང་གིས་སྔོན་ཆད་ཁྱིམ་ཚང་ཁག་བགོས་ནས་གཉེར་སྐྱོང་བྱེད་སྐབས། ཞིང་ཁའི་ལོ་ཏོག་ལ་ཁྱིམ་ཚང་གང་པོས་དཔྱིད་ཁར་ཞིང་བཏབ་པ་ནས་སྟོན་སྡུད་པའི་བར་དུ་རྒྱུན་དུ་ལྟ་རྟོག་བྱེད་དགོས།

ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོའི་རུ་ཞོལ་མ་སྡེ་བས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསླངས་པ།

ལོ་ཏོག་ལ་བདག་སྐྱོང་བྱེད་ཆེད། ཁྱིམ་མི་རྒན་གཞོན་ཚང་མ་དུས་ཚིགས་བཞི་བོར་གང་དུའང་འགྲོ་མི་ཐུབ། ལོ་འགའི་སྔོན་རྨོ་ཞིང་མང་པོ་བེད་མེད་དུ་བསྐྱུར་ནས་ས་རྒོད་དུ་གྱུར་པའང་རྒྱུ་རྐྱེན་དེར་ཐུག་ཡོད་ཅེས་བྱམས་མཁར་རྒྱལ་གྱིས་བཤད། ཁྱིམ་ཚང་ཁག་བགོས་ནས་གཉེར་སྐྱོང་བྱེད་སྐབས་འགྲོ་སོང་ཆེ་བ་དང་མ་རྩ་མཐོ་བ། དུས་འཁོར་རིང་ཞིང་ཕན་འབྲས་ཞན་པས། དཔལ་འབྱོར་གྱི་ཀླད་པ་ཡོད་པའི་ན་གཞོན་ཚོས་རྩིས་གསལ་པོ་ཞིག་བརྒྱབ་པ་ན་གཞི་ནས་ཁེ་སྤོགས་མེད་པ་ཤེས་ཡོང་།

ད་ལྟ། ས་གཞི་ནི་སྔར་གྱི་ས་གཞི་དེ་ཡིན་ལ་མི་ཡང་སྔར་གྱི་མི་དེ་དག་ཡིན་མོད། འོན་ཀྱང་ཁོ་ཚོའི་གཉེར་སྐྱོང་བྱེད་སྟངས་དང་ཕྱུག་འགྱུར་གྱི་འདུ་ཤེས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུག  ད་བར་རུ་ཞོལ་མ་སྡེ་བའི་རྨོ་ཞིང་སྤྱི་ཆིང་སུམ་བརྒྱ་དོན་ཉིས་དེ་མཉམ་ལས་ཁང་གི་ལས་འཛིན་པ་དང་ལས་བཟོ་པ་བཅུ་བདུན་གྱིས་ཚང་མ་འགན་གཙང་ལེན་བྱས་ཏེ། རྨོ་འདེབས་བྱེད་པ་ནས་བརྔ་སྡུད་བར་དང་། ལས་སྣོན་བྱེད་པ་ནས་ཕྱིར་འཚོང་བའི་བར་དུ་རིགས་བཅུ་དྲུག་ཡོད་པའི་འཕྲུལ་ཆས་སོ་བཞི་ཡིས་ཞིང་ཁའི་ལོག་རྒྱག་པ་དང་རྨོ་འདེབས། སྲུང་སྐྱོང་། སྡུད་ལེན། ཉར་ཚགས་བྱེད་པ་བཅས་ཀྱི་ལས་འགན་ཡོངས་རྫོགས་བདེ་བླག་ངང་ལེགས་འགྲུབ་བྱེད་ཐུབ།

རུ་ཞོལ་མ་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ།  གསར་འགོད་པ་བཟོ་ཁང་གི་པང་གཅལ་འབྱིད་བཞིན་པའི་ལས་འཛིན་གཞོན་པ་རྡོ་རྗེ་དབང་རྒྱལ་དང་འཕྲད། མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་རྗེས་ཁོ་རང་སྡེ་མིས་འདེམས་བསྐོ་བྱས་པ་བརྒྱུད་མཉམ་ལས་ཁང་གི་ལས་བཟོ་པར་གྱུར་པ་དང་། 2021ལོར་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་རྗེས་བཟོ་ཁང་གི་ལས་འཛིན་གཞོན་པར་གྱུར།

མཉམ་ལས་ཁང་བཙུགས་པའི་དུས་མགོར། རྡོ་རྗེ་དབང་རྒྱལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཁྱིམ་གྱི་རྨོ་ཞིང་སྤྱི་ཆིང་གསུམ་དང་གྲངས་ཆུང་བརྒྱད་བདུན་མ་རྐང་ལ་ཕབ་རྩིས་བྱས་ཏེ་མཉམ་ལས་ཁང་དུ་བཞག་པས། ན་ནིང་ཁོ་ལ་རྨོ་ཞིང་གི་ཁེ་སྤོགས་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་བགོ་རྒྱུ་བྱུང་། ཁོས་བཤད་རྒྱུར། ཕྱིར་འདང་ཞིག་བརྒྱབ་ན། ངས་མི་ཚེའི་ཕྱེད་ཀར་ཞིང་བཏབ་ཀྱང་གྲུབ་འབྲས་ཅི་ཡང་མ་ཐོབ། ས་ཞིང་མཉམ་ལས་ཁང་ལ་སྤྲད་པ་དེ་འཆུག་མེད་ཅེས་བཤད།

ཁྱིམ་ཚང་བགོས་ཏེ་གཉེར་སྐྱོང་བྱེད་པ་ནས་ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བར་བཅོས་བསྒྱུར་དང་གོང་སྤེལ་བཏང་བ་དེས། མ་རྩ་ཇེ་ཉུང་དང་ཕན་འབྲས་ཇེ་ཆེར་བཏང་བར་མ་ཟད། ད་དུང་སྔར་ལས་མང་བའི་ན་གཞོན་དར་མ་རྣམས་བཅིངས་འགྲོལ་བཏང་བ་རེད། མ་རྐང་དཔལ་འབྱོར་མཉམ་ལས་ཁང་དྲང་ལམ་དུ་སྐྱོད་པ་ནས་བཟུང་། མི་སྟོང་གཅིག་དང་ལྔ་བཅུ་ལྷག་ཡོད་པའི་རུ་ཞོལ་མ་སྡེ་བར། ཚོགས་པ་སྒྲིག་འཛུགས་བྱས་ནས་ཕྱི་ཕྱོགས་སུ་ལས་ཀར་འགྲོ་མཁན་དང་། ནང་ལོགས་སུ་ཚོང་ལས་གཉེར་དུ་འགྲོ་མཁན་མི་གྲངས་ལྔ་བརྒྱ་ཙམ་བྱུང་ཞིང་། ཁོ་ཚོས་ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད་པས་རུ་ཞོལ་མ་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ཏེ། 2022ལོར་མི་རེའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་ཀྱི་ཚད་དུ་སླེབས།

ད་ལོར། རུ་ཞོལ་མ་སྡེ་བས་ནས་ནག་སྤྱི་ཆིང་གོ་གསུམ་དང་གྲངས་ཆུང་གསུམ་དང་ཡུག་པོ་སྤྱི་ཆིང་ཉིས་བརྒྱ་དོན་དགུ་བཏབ། ཉིན་ཁ་ཤས་ཀྱི་སྔོན་ལ། ཁོ་ཚོས་ཡུག་པོ་སྤྱི་ཆིང་སོ་གསུམ་སྔ་མོ་ནས་བརྔ་སྡུད་བྱས་ཏེ། ས་ཞིང་དེ་དག་སྤྱད་ནས་ཡུག་པོ་ཐེངས་གཉིས་པ་འདེབས་རྩིས་བྱས་ཡོད། ལེགས་འགྲུབ་འབྱུང་མིན་མི་ཤེས་མོད། མཉམ་ལས་ཁང་གི་ལས་འཛིན་པ་རྣམས་ལ་བློ་སྤོབས་ཀྱིས་ཁེངས་འདུག

ཉིན་འདི་དག་གི་རིང་ལ། རོང་བོ་ལུང་པའི་བྱང་ནས་ལྷོ་ཡི་བར་རིམ་བཞིན་ལོ་ལེགས་བྱུང་བའི་དུས་ཚིགས་སུ་སླེབས་པས། རུ་ཞོལ་མ་སྡེ་བའི་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་པ་ཚོས་ཀྱང་སྟོན་སྡུད་སྔོན་གྱི་བྲེལ་བ་ཆེ་བའི་དུས་སྐབས་དེ་བསུས།

ད་ཡོད་ཀྱི་རིགས་བཅུ་དྲུག་གི་འཕྲུལ་ཆས་སོ་བཞི་ལ་བརྟེན་ནས་རུ་ཞོལ་མ་སྡེ་བས་ཕྱོགས་ཡོངས་ནས་རྨོ་འདེབས་འཕྲུལ་ཆས་ཅན་གྱི་རྣམ་པ་མངོན་འགྱུར་བྱས་འདུག འོན་ཀྱང་ཁོ་ཚོ་དེ་ཙམ་གྱིས་ཡིད་མི་ཚིམ་པར། གོ་སྐབས་དམ་འཛིན་བྱས་ཏེ་མཉམ་འབྲེལ་བརྔ་སྡུད་འཕྲུལ་འཁོར་བསྐོར་ནས་གཞུང་ལམ་བརྒྱུད་དེ་གཞོང་སར་བསྐྱོད་པ་དང་། ལུང་པའི་ནང་གི་གྲོང་ཚོར་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུ་མཁོ་འདོན་བྱས།

ཉིན་བདུན་ལ་སྒོར་མོ་ཁྲི་གསུམ་བཙལ་ཐུབ། འདི་ཁེ་སྤོགས་མི་ཉུང་བ་ཞིག་རེད། སང་ལོར་སྔ་ས་ནས་འཆར་འགོད་བྱེད་ཆོག ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་མཁར་རྒྱལ་ཐེངས་འདིའིཚོད་ལྟའི་རང་བཞིན་གྱི་འགུལ་སྐྱོད་ལ་ཡིད་ཚིམ་ཡོད་ཅིང་། ཁོས་ལས་རིགས་འདི་མཉམ་ལས་ཁང་གིས་སང་ལོར་གཙོ་གནད་དུ་སྤེལ་བའི་ལས་སྒོ་ཞིག་ཏུ་འགྱུར་ངེས་ཆེ་ཞེས་བཤད།

ད་ལྟ། རུ་ཞོལ་མ་སྡེ་བ་ནས་ཐོན་པའི་གཟན་རྩྭ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ནི་ཁྲོམ་རའི་ཐོན་རྫས་འདང་ཆེན་དུ་གྱུར་ཡོད། ན་ནིང་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་བརྒྱ་བཏང་ནས་གཟན་ཆས་གསོག་མཛོད་ཁང་ལས་ཏེ་མཛོད་ཁང་ཕྱེས་པ་དང་། གྲོང་ཁྱེར་སྲིད་གཞུང་དང་གཟན་རྩྭ་ཉོ་ཚོང་གི་གྲོས་མཐུན་བཞག་པའི་རུ་ཞོལ་མ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་མང་པོ་མ་བོས་མགྲོན་དུ་བཀུག

ཉིན་དེར། མི་རྣམས་ཀྱིས་གཟན་ཆས་དབོར་འདྲེན་བྱེད་སྤྱད་ཀྱི་རླངས་འཁོར་རྒྱབ་རི་ཡ་ཁོའུ་རུ་ཡོད་པའི་མཛོད་ཁང་ནས་སྡེ་འདབས་བར་དུ་བསྒྲིགས་པ་དང་། སྡེ་མི་ལ་ལས་འདི་ནི་རུ་ཞོལ་མ་སྡེ་བའི་ལོ་རྒྱུས་ཐོག་འདུ་ལོང་ཆེས་ཆེ་བའི་ཉིན་ཞིག་རེད་ཅེས་ཀུ་རེའི་ཚུལ་དུ་བཤད།

ཐོན་ལས་དར་ན་གྲོང་གསེབ་དར། རུ་ཞོལ་མ་སྡེ་བ་རུ། ནང་ནས་ཕྱི་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ལས་གནས་ལུགས་དེ་གྲོང་གསེབ་ལ་འཕྲོད་པ་ར་སྤྲོད་བྱས་འདུག

ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དེས་རུ་ཞོལ་མ་སྡེ་བའི་ཞིང་པ་ཕྱུག་པོར་གྱུར་པར་མ་ཟད། སྡེ་བའི་འགྲིམ་འགྲུལ་དང་གྲོང་ཚོའི་རྣམ་པ་ལ་སྔར་མེད་ཀྱི་འཕོ་འགྱུར་བྱུང་ཡོད། དེའི་ཐད་ལ་ལོ་དོན་བཞི་ལ་སླེབས་པའི་བགྲེས་སོང་རྒན་པོར་མྱོང་ཚོར་ཟབ་མོ་ཡོད་དེ།  ཁོས་བཤད་རྒྱུར། ཆུ་གློག་ལམ་གསུམ་ནས་སྡེ་མིའི་ཐོན་སྐྱེད་དང་འཚོ་བ་ལ་ཐུག་གི་བར།  ལོ་འདི་དག་ནི་ང་ཚོའི་སྡེ་བ་འཕེལ་རྒྱས་ཆེས་མགྱོགས་པའི་ལོ་འགའ་ཡིན་ཟེར།

ཡངས་ཤིང་རྒྱ་ཆེ་བའི་གནག་སྣུམ་གཞུང་ལམ་བརྒྱུད་དེ་རུ་ཞོལ་མ་སྡེ་བར་སྐྱོད་སྐབས། ཕྱོགས་བཞི་མཚམས་བརྒྱད་ལ་འཐེན་པའི་སྲང་ལམ་དང་། ཆ་ཚང་བའི་རྨང་གཞིའི་སྒྲིག་ཆས། གཙང་ཞིང་གྲལ་དག་ལ་གནའ་ཉམས་མ་ཉམས་པའི་ར་སྐོར། སྤྲོ་སེམས་འཁོལ་བའི་སྡེ་མི་བཅས་མཐོང་ཐུབ་པར་མ་ཟད། ད་དུང་ཚ་ཚ་འུར་འུར་བྱེད་བཞིན་པའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱང་ཚོར་ཐུབ་པ་རེད། རི་ཁུག་ཏུ་ཆགས་པའི་གནའ་བོའི་གྲོང་ཚོ་འདིས་རང་གི་རྣམ་པ་གསར་པའི་འཕེལ་རྒྱས་ཀྱིས་མི་རྣམས་ཧ་ལས་སུ་བཅུག་པ་དང་ཆབས་ཅིག   རུ་ཞོལ་མའི་རྣམ་པ་ལས་ཐོན་པའི་རྒྱུད་འབྲེལ་ཕན་ནུས་ལ་བརྟེན་ནས་གྲོང་གསེབ་སྔར་ལས་མང་པོར་འཕེལ་རྒྱས་དང་དར་སྤེལ་གྱི་བློ་སྐྱེད་ཐོབ་ཏུ་བཅུག་ཡོད།

                                                               རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།