སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་པ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་སྐྲུན་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པ་དང་རྒྱུགས་སྤྲོད་ཀྱི་བགྲོད་ལམ་གསར་པའི་སྟེང་ལེགས་པོར་སྐྱོད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་པ་ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་འཛིན་དགོས”ཞེས་ནན་གྱིས་བསྟན་ཡོད། འདི་ནི་ང་ཚོ་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་བླངས་པའི་གལ་འགངས་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་ཡིན་པ་དང་། “འདས་ཟིན་པར་ང་ཚོས་རྒྱལ་ཁ་ལེན་ཐུབ་པའི་རྒྱུ་མཚན་ཅི་ཡིན”པ་དང“མ་འོངས་པར་ང་ཚོས་ཇི་ལྟར་བསྒྲུབ་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ” གསལ་སྟོན་ཟབ་མོ་གནང་བ་དེ་ཡིས་ཚད་མཐོ་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཡིད་ཆེས་མཚོན་པར་བྱས་ནས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ཀྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ཁ་ཕྱོགས་གསལ་སྟོན་དང་སྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཆེན་པོས་རྦ་རླབས་གཤགས་ཏེ་རྒྱང་རིང་དུ་སྐྱོད་པར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
དང་པོ།“ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན”པ་ཁོང་དུ་ཟབ་མོར་ཆུད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེས་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་བླངས་པའི་ཡར་ཐོན་དང་གྲུབ་འབྲས་མཐའ་དག་གི་རྩ་བ་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པར་ཐུག་ཡོད། སྐྱོད་ལམ་གསར་པའི་སྟེང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཚེ། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེན་པོ་ལྡན་པ་དང་། བདེན་སྲུང་གསར་སྐྲུན་དང་དཀའ་ངལ་ཁྱད་བསད་ཀྱི་སྟོབས་ཤུགས་ཆེན་པོ་གཞོགས་གཅིག་ཏུ་བསྡུས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆར་རླུང་དྲག་པོས་འཇབ་རྒོལ་ཐེབས་སྐབས་མི་དམངས་ཡོངས་ཀྱི་ཆེས་བློ་འགེལ་ཆོག་པའི་སྲོག་ཤིང་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་ཡིན།
གཉིས་པ།“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན”པ་ཁོང་དུ་ཟབ་མོར་ཆུད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་རྩ་བའི་ཁ་ཕྱོགས་ཡིན་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་རྫོགས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བ་དང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་རེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་ལག་ལེན་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་དང་བསྟུན་ནས་བགྲོད་ལམ་འདི་ངེས་པར་དུ་རྒྱ་ཇེ་ཆེ་དང་ཇེ་ཡངས་སུ་འགྲོ་ངེས་རེད། སྐྱོད་ལམ་གསར་བའི་སྟེང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་ཚེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་མི་ཆད་པར་མངོན་འགྱུར་བྱས་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་ཐུབ་ངེས་རེད།
གསུམ་པ།“མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་གྱི་ལོ་རྒྱུས་བྱ་གཞག་གསར་གཏོད་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན”པ་ཁོང་དུ་ཟབ་མོར་ཆུད་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། འབད་འཐབ་ཀྱིས་མ་འོངས་པ་གསར་གཏོད་བྱེད་དགོས། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་ཞིག་ཡིན། ལོ་བརྒྱ་ལྷག་གི་རིང་ལ། ཏང་དང་མི་དམངས་ཀྱིས་བླངས་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། སྐྱོད་ལམ་གསར་པའི་སྟེང་། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམངས་སེམས་གཅིག་སྒྲིལ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཚེ། ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་སྟེང་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་མི་རྣམས་ཀྱིས་ལྟ་སྟངས་ཡག་པོ་འཛིན་པའི་བྱས་རྗེས་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་ཐུབ་ངེས་ཡིན།
བཞི་པ།“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན”པ་ཁོང་དུ་ཟབ་མོར་ཆུད་པར་བྱེད་དགོས། གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པས་འཕེལ་རྒྱས་སྐོར་གྱི་དམིགས་ཡུལ་དང་། སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། ང་ཚོར་ཏང་གི་འཕེལ་རྒྱས་ཐད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་། རིན་ཐང་གི་ཁྲིད་ཕྱོགས། འཕེལ་རྒྱས་གཏོང་སྟངས། འཕེལ་རྒྱས་བགྲོད་ལམ་སོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་གསལ་བཤད་བྱས་ཡོད། སྐྱོད་ལམ་གསར་པའི་སྟེང་། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་སྟོབས་རང་སྤེལ་མགྱོགས་མྱུར་སྒོས་མངོན་འགྱུར་བཅས་བྱས་ཚེ། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་ནུས་པ་མུ་མཐུད་མཐོར་འདེགས་བཏང་ནས་ཉིན་རེར་ཛ་དྲག་ཡིན་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་སྟངས་འཛིན་དང་མ་འོངས་པ་ལས་རྒྱལ་ཐུབ་ངེས་ཡིན།
ལྔ་པ།“ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པ་དང་རྒྱུགས་སྤྲོད་ཀྱི་བགྲོད་ལམ་གསར་པའི་སྟེང་ལེགས་པོར་སྐྱོད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན”པ་ཁོང་དུ་ཟབ་མོར་ཆུད་པར་བྱེད་དགོས། ང་ཚོའི་ཏང་ནི་ཐོག་མའི་ཏང་ཡོན་ལྔ་བཅུ་ལྷག་ནས་ད་ལྟའི་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་ལ་འཕེལ་རྒྱས་བྱུང་བ་དང་། དཀའ་ངལ་མང་པོ་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ཡང་ཡང་ལེན་ཐུབ་པའི་གནད་འགག་ནི་ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ལྷོད་གཡེང་མི་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ་རང་ངོས་ཀྱི་གསར་བརྗེ་མཐར་ཕྱིན་པ་བྱས་པའི་རྐྱེན་གྱིས་ཡིན། སྐྱོད་ལམ་གསར་པའི་སྟེང་། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་རང་ངོས་གསར་བརྗེ་བྱེད་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་གནོད་རྐྱེན་མཐའ་དག་མུ་མཐུད་དུ་གཙང་སེལ་བྱེད་པ། ཏང་གི་བདེ་ཐང་ལ་གནོད་པའི་ནད་གཞིའི་འབྱུང་ཁུངས་མཐའ་དག་མུ་མཐུད་དུ་མེད་པར་བཟོས་ཚེ། ང་ཚོས་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བར་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་རེད།
མདོར་ན།“ངེས་པར་བརྒྱུད་དགོས་པའི་ལམ་བུ་ལྔ”ཡིས་ང་ཚོས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་མོ་བྱས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ཁྱབ་བསྒྲགས་བྱེད་པའི་“རྒྱལ་ཁའི་གསང་གྲངས”ཞིག་རེད། དེ་ཉིད་མ་ལག་ཆ་ཚང་དང་ཕན་ཚུན་འབྲེལ་མཐུད་ཀྱི་ཚོགས་སྤྱི་ཞིག་ཏུ་བརྩིས་ནས་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་ནས་བསགས་པའི“རྒྱུན་འཁྱོངས་བཅུའི”ལོ་རྒྱུས་ཀྱི་ཉམས་མྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་བཏོན་པའི“ངེས་པར་བྱེད་དགོས་པ་དགུ”དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་གྱིས་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་དང་གཅིག་གྱུར་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།