མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་དར་རྒྱས་གཏོང་བའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས།
2023.09.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

“མཚོ་སྔོན་ལ་ཤེས་རྟོགས་བྱེད་དགོས་ཞེས་པ་ནི་བབ་བསྟུན་མདུན་སྐྱོད་དང་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། མཚོ་སྔོན་ལ་དགའ་ཞེན་བྱེད་དགོས་ཞེས་པ་ནི་ལྷག་བསམ་ཟོལ་མེད་ངང་དགུང་ཨ་སྔོན་དང་ས་དོག་མོ་ལ་སྲུང་སྐྱོབ་བྱེད་དགོས་པ། མཚོ་སྔོན་དར་རྒྱས་གཏོང་རྒྱུ་ནི་བློ་བརྟན་འགྱུར་མེད་ངང་ཞིང་ཆེན་དར་རྒྱས་དང་དམངས་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།” དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ལྕི་བའི་མདུན་དུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི”ནང་དོན་གསལ་བཤད་མདོར་བསྡུས་བྱས་པ་མ་ཟད། མཚོ་སྔོན་བ་ཚང་མར“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་འབོད་སྐུལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བླང་བྱ་དེ་གཞིར་བཟུང་ནས་སྔོན་ལ་སྐྱོད་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ལ། མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་དང་འབད་འབུངས་ཡར་བརྩོན་བྱེད་པ། དམངས་སེམས་ཤེས་པ། དམངས་ཀྱི་བསམ་འདུན་རྟོགས་པ། དངོས་སྒྲུབ་སྔོན་བརྩོན་བྱེད་པ། བྱས་རྗེས་འཇོག་པ་བཅས་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཧུར་ཐག་གིས་ཞུགས་ཏེ། བྱ་བ་རེ་རེ་བཞིན་གནད་ལ་འཁེལ་བ་དང་། བསམ་བློ་ནན་མོ་གཏོང་བ། དོན་གཉེར་སྔར་ལས་ཏན་ཏིག་བྱེད་པ། དོན་འཁྱོལ་སྔར་ལས་བརྟན་པོ་ཡོང་བ་བཅས་བྱས་ནས། རྒྱུགས་སྤྲོད་ཀྱི་ལམ་བུའི་ཐོག་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ཤོག་ཕུལ་བྱུང་ཞིག་སྤྲོད་དགོས།

མཚོ་སྔོན་ལ་ཤེས་རྟོགས་བྱེད་པར་བབ་བསྟུན་མདུན་སྐྱོད་ཀྱི་ཐོག་ནས་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་དགོས། ཅི་ཞིག་ལ“བབ་བསྟུན་མདུན་སྐྱོད”ཟེར། ཐོག་མར་རིམ་པ་སོ་སོའི་ལས་བྱེད་པས་ལོ་རྒྱུས་ཀྱི་རང་འགུལ་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཚོ་སྔོན་ལ་རེས་སྐོར་གསར་པའི་འཕེལ་རྒྱས་ཆེན་པོ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མཚོ་སྔོན་དུ་མཐོ་སྒང་གི་ས་ཁུལ་དང་། ནུབ་རྒྱུད་ས་ཁུལ། མི་རིགས་ས་ཁུལ། འཕེལ་རྒྱས་ཞན་པའི་ས་ཁུལ་བཅས་གཅིག་ཏུ་བསྡུས་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པ་དེ་མཚོ་སྔོན་དུ་མངོན་གསལ་དོད་པའི་མཚོན་ཚུལ་ཞིག་ཡིན་པས། རྒྱལ་ཡོངས་དང་མཉམ་དུ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱེད་དགོས། དེར་བརྟེན། ང་ཚོས་སེམས་ཟབ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་བརྩེ་སེམས་མྱོང་ཚོར་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་བརྟན་པོར་ངེས་པ་དང་། “དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཐོ་སྒང་གི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་རྩེ་མོ་རྒྱས་ཐུབ་པ་བྱེད་དགོས། ས་ཁུལ་གཞན་དག་གི་བར་ཁྱད་མུ་མཐུད་དུ་ཇེ་ཆུང་དུ་གཏོང་བ་དང་། གོམས་སྟབས་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་སྙེག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་གི་རྣམ་པ་དེ་མཚོ་སྔོན་ནས་རིམ་བཞིན་མངོན་འགྱུར་བྱེད་དགོས།

མཚོ་སྔོན་ལ་དགའ་ཞེན་བྱེད་པ་ནི་ལྷག་བསམ་ཟོལ་མེད་ངང་མཚོ་སྔོན་གྱི་དགུང་སྔོན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། ཅི་ཞིག་ནི་ལྷག་བསམ་ཟོལ་མེད་ཡིན་ནམ། དེ་ནི་ཡིད་ཆེས་སྔར་ལས་བརྟན་པོ་ཡིན་ན་ཤེས་རྟོག་སྔར་ལས་གསལ་བོ་དང་། རྒྱུས་ལོན་སྔར་ལས་ཟབ་མོ་བྱ་དགོས་པའི་བླང་བྱ་བཏོན་པ་དེ་རེད། “རྒྱལ་ཁབ་ཀྱི་དོན་ཆེན”ནི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་བྱ་གཞག་གི་རྩ་བ་དང་འབྲེལ་བ་ཡོད་པས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ“རྒྱལ་ཁབ་ཀྱི་དོན་ཆེན”ཤེས་རྟོགས་ཐུབ་པ་བྱས་ནས། ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་འཐབ་ཇུས་ཇུས་འགོད་དང་། སྲིད་ཇུས་གཏན་འབེབས། ལས་འགན་བཀོད་སྒྲིག བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་ནས་མངོན་པར་བྱས་ཏེ། རྒྱུན་དུ་དཔེ་སྡུར་ཚད་སྡུར་ལ་གཞིགས་ནས་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ནན་མོ་བྱེད་དགོས།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་མོ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཚོ་སྔོན་འདི་ཉིད་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བྱ་བའི་རྩ་དོན་རང་བཞིན་དང་། བརྒྱུད་རིམ་རང་བཞིན། སྔོན་དཔག་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཆེ་རུ་བཏང་ནས། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་སྔོན་པོ་དང་། རི་བོ་སྔར་ལ་ལྗང་མདོག ཆུ་བོ་སྔར་ལས་དྭངས་པ། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱས་ནས། མཛེས་སྡུག་གི་ཀྲུང་གོ་བསྐྲུན་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་ཧུར་ཐག་གིས་འབུལ་དགོས།

མཚོ་སྔོན་དར་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ངང་ཞིང་ཆེན་དར་རྒྱས་དང་མི་དམངས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། ཅི་ཞིག་ནི“བློ་བརྟན་འགྱུར་མེད”ཡིན་ནམ། དེ་ཡང་དང་ཐོག་རིམ་པ་སོ་སོའི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ནས། གཏན་འཁེལ་གྱི་ནུས་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ཐོག་ནས་འཆར་འགོད་མཐར་ཕྱིན་པ་བཟོ་བ་དང་། མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། དམངས་ཕྱུག་གི་འགན་འཁྲི་ནན་སྲུང་བྱེད་པ། གཞོན་ནུ་དར་རྒྱས་གཏོང་བའི་རྣམ་པ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བགྲོད་ལམ་བཏོད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སྤྱིའི་བྱེད་ཕྱོགས་ཀྱི་སྤྱིའི་རྩ་འཛིན་ལ་བརྩིས་ནས། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས་པ་དང་། ཚན་རྩལ་གསར་སྐྲུན་གྱི“འགག་རྩའི་འགྱུར་ཚད”ཡག་པོ་སྤྱད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས། མཐོ་སྒང་གི་དམིགས་བསལ་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། དགེ་སྤེལ་སྐྱོན་སྤོང་བྱས་ནས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཁྱད་སྟོབས་ཏེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་ནས། གོ་སྐབས་དེ་ཁེ་སྤོགས་དང་། ཐོན་ཁུངས། ཐོན་སྐྱེད་ནུས་ཤུགས་བཅས་སུ་དངོས་གནས་འགྱུར་བ་བྱེད་དགོས། འགན་འཁྲི་ལྕི་མོ་འཁུར་བ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ།  དམངས་ཚིས་ཞན་ཆ་མགྱོགས་མྱུར་སྒོས་གསབ་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གནད་དོན་ཐག་གཅོད་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ལག་ལེན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་། མཛེས་སྡུག་གི་མཚོ་སྔོན་གྱི་མདུན་ལམ་སྔར་ལས་ཡངས་བར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།