བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་དཔྱད་འཇོག་བྱེད་དགོས།
2023.09.05 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 2

“བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་དཔྱད་འཇོག་བྱེད་དགོས།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། དཔྱད་འཇོག་བྱ་བ་ལེགས་པོར་སྒྲུབ་པ་དང་བརྗོད་དོན་སློབ་གསོར་ཕན་འབྲས་ངོ་མ་ཐོན་པར་འགན་ལེན་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་པ་དང་བཀོད་སྒྲིག་ཞིབ་ཕྲ་གནང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགོ་མཇུག་ཡོད་པ་དང་འགོ་མཇུག་གཟབ་ནན་སྒོས་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་པའི་བརྗོད་དོན་སློབ་གསོ་ཡག་པོ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

སྐོར་ཁག་དང་པོའི་བརྗོད་དོན་སློབ་གསོའི་དུས་ཡུན་ཟླ་བ་གཅིག་ལས་ལྷག་མེད་པ་དང་། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་དཔྱད་འཇོག་དང་ཞིབ་བཤེར་བྱས་པ་བརྒྱུད་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྔར་ལས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པར། “དངོས”ཞེས་པའི་ཡིག་འབྲུ་གཅིག་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ་ལས། དངོས་ལ་གཡོལ་ནས་རྫུས་མ་བྱས་ཏེ་ཕྱི་ཚུལ་ཙམ་གཏན་ནས་བྱེད་མི་རུང་། གཙོ་གནད་མངོན་གསལ་དོད་པོ་དང་གནད་དོན་ལ་དམིགས་ཏེ། དོན་དངོས་དང་ཏན་ཏིག་གི་ཞིབ་བཤེར་ལ་བརྟེན་ནས་ཚན་རིག་དང་མཐུན་ཞིང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་དཔྱད་འཇོག་འགན་ལེན་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སེམས་ལ་ཟུག་མིན་དང་ཏང་ཡོན་ལས་བྱེད་པས་བསམ་བློ་གཏོང་མཁས་པོ་དང་བེད་སྤྱོད་བྱེད་མཁས་པོ་ཐུབ་མིན་ལ་བལྟ་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་གསལ་པོ་ཤེས་མིན་དང་གནད་དོན་དངོས་ཐག་གཅོད་བྱེད་མིན་ལ་བལྟ་དགོས། འཕེལ་རྒྱས་ཀྱི་ཕན་འབྲས་ལ་སྐུལ་འདེད་གཏོང་བར་ཞིབ་བཤེར་བྱེད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་མིན་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་མིན་ལ་བལྟ་དགོས། ལྟ་བཤེར་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། གནད་དོན་གྱི་འགག་རྩ་འཚོལ་ཞིབ་ཡག་པོ་ཐུབ་མིན་དང་དག་ཐེར་བཅོས་སྒྲིག་གནད་ལ་འཁེལ་མིན་ལ་བལྟ་དགོས། ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། བསམ་བློ་དང་རྩ་འཛུགས་སྤྱོད་གཙང་མེད་པའི་སྣང་ཚུལ་ཡོ་བསྲང་བྱེད་མིན་དང་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་བསལ་མིན་ལ་བལྟ་དགོས། ཕྱོགས་འདི་དག་ལྔའི་ཐད་ཀྱི་ཞིབ་བཤེར་ཚད་གཞིས་བརྗོད་དོན་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་པོར་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། བརྗོད་དོན་སློབ་གསོའི་གཙོ་གནད་ལས་འགན་ཚུད་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དེ་ལྟ་བསྡུར་གྱི་བརྩི་སྲུང་ཞུ་ཡུལ་ལ་བརྩིས་ནས། དངོས་ཐོག་བདེན་འཚོལ་དང་དངོས་སྒྲུབ་དོན་གཉེར་རྒྱུན་འཁྱོངས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཚན་རིག་དང་མཐུན་ལ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་དཔྱད་འཇོག་ལ་བརྟེན་ནས་བརྗོད་དོན་སློབ་གསོར་ཕན་འབྲས་ངོ་མ་ཐོན་པར་སྐུལ་འདེད་གཏོང་ཆེད་བློས་འགེལ་ཆོག་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

མང་ཚོགས་ཡིད་ཚིམ་པར་བྱེད་པ་ནི་ང་ཚོའི་ཏང་གིས་བྱ་བ་མཐའ་དག་ལེགས་པོར་སྒྲུབ་པའི་རིན་ཐང་གི་ལྟ་བ་དང་རྩ་བའི་ཚད་གཞི་ཡིན་པ་དང་། མང་ཚོགས་ཀྱི་བསམ་འཆར་ནི་ཚད་ཤིང་ཡག་ཤོས་དེ་རེད། ཕན་འབྲས་ལ་དཔྱད་དཔོག་བྱེད་པར་སྐད་ཆ་དྲང་པོ་བཤད་པ་དང་། བདེན་པ་བདེན་ཐུབ་ངང་དཔྱད་འཇོག་དམ་འཛིན་བྱས་ཏེ་མང་ཚོགས་ལ་གདེང་འཇོག་བྱེད་དུ་བཅུག་ནས་དཔྱད་འཇོག་དྲང་གཞག་ཡོང་བར་བྱེད་དགོས།

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གི་དགྲ་བོ་ཆེན་པོ་ཡིན་ལ། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཁྲོད་གཙོ་གནད་དུ་ལྟ་བཤེར་དང་བཅོས་སྒྲིག་བྱེད་པའི་གནད་དོན་ཡང་རེད། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པར། གལ་འགངས་གལ་ཆེན་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐག་གཅོད་ནུས་ལྡན་ཐུབ་མིན་ལ་བལྟ་དགོས། འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུ་ལེགས་པོར་འཚོགས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ཟུང་འབྲེལ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་བ། བྱ་བ་སྒྲུབ་པ་བཅས་བྱས་ཏེ། མི་དང་བྱ་བ། བསམ་བློ་བཅས་མངོན་པར་བྱས་ནས་ནུས་ཤུགས་ཡོད་རྒུས་བསམ་བློའི་གཏིང་ནས་གནད་དོན་ཐག་གཅོད་བྱེད་དགོས།

ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་ལས་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་ཀའི་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྔར་ལས་ཆེ་བ་སྣོན་དགོས། 

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།