སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོར་སྔར་ལས་བཟང་བའི་ཀྲུང་གོའི་ཞབས་ཞུ་ཡག་པོ་སྒྲུབ་དགོས།
2023.09.06 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

“ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ཕྱོགས་སོ་སོ་དང་མཉམ་དུ་ཞབས་ཞུ་སྒོ་འབྱེད་ལ་བརྟེན་ནས་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་མཉམ་ལས་ལ་བརྟེན་ནས་མཉམ་འགུལ་རྒྱུན་འཁོར་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ། ཞབས་ཞུ་མཉམ་སྤྱོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་དུ་བསྐྲུན་པ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་སླར་གསོའི་ལམ་དུ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད”ཅེས་ཟླ9ཚེས2ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས་འདི་ལྟར་གསུངས་པ་མ་ཟད། ཀྲུང་གོས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཁྱབ་བསྒྲགས་གནང་བ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་གལ་ཆེན་རྒྱས་བཤད་གནང་ནས། ཀྲུང་གོ་དང་རྒྱལ་ཁབ་སོ་སོས་ཞབས་ཞུའི་ཚོང་དོན་འཕར་བའི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུའི་བློ་རྒྱ་དང་འགན་འཁྲི་མངོན་ཡོད།

མིག་སྔར། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་ཚུལ་བརྟན་པོ་མིན་པ་དང་། རྒྱལ་སྤྱིའི་སྒྲིག་གཞིས་སྔོན་དཔག་བྱས་པ་ལྟར་ན་ད་ལོའི་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་3%ཡང་ཟིན་གྱིན་མེད། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་དང་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། ལག་རྩལ་གསར་པ་དང་ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད་པས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་བྱེད་པ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོས“སྒོ་འབྱེད་སྣེ་ཁྲིད་དེ་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་མ་འོངས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུ་གཉེར་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་སྟེགས་བུ་གལ་ཆེན་བསྐྲུན་ནས། ཞབས་ཞུ་ཉོ་ཚོང་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རྒྱུན་མཐུད་ངང་ནུས་པ་གསར་པ་སྣོན་དགོས།

འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་ཇི་ལྟར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྔར་ལས་རོགས་འདེགས་བྱ་རྒྱུ་ཡིན་ནམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ45འཁོར་བའི་ལོ་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་སྒོ་འབྱེད་དང་མཉམ་ལས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་སྒོ་འབྱེད་དང་བསྟུན་མཁས་ཀྱི་འཕེལ་རྒྱས་ཁོར་ཡུག་བཏོད་དེ། གཉིས་ཁེ་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་ཐག་ཇེ་དམ་དུ་གཏོང་རྒྱུ་དང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་བཅས་ཡིན། འདོད་ཚུལ་དེ་དག་གི་ཐོག་ནས་ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ལ་བརྟེན་ནས་མཉམ་རྒྱལ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་པ། ཀྲུང་གོས་ཀྲུང་གོའི་ཁྲོམ་ར་ཆེན་མོའི་གོ་སྐབས་ལ་བརྟེན་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱེད་པ་དང་། འཛམ་གླིང་མི་དམངས་ཀྱི་ཐོབ་སེམས་ཆེ་རུ་གཏོང་བའི་མཛེས་སྡུག་ལྡན་པའི་བསམ་འདུན་མངོན་ཡོད།

གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ཇི་ལྟར་བྱས་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཡིན་ནམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལན་བསྐྱོན་པར། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ཚོང་དོན་དང་མ་འཇོག་གི་བཀག་རྒྱ་གསལ་ཐོར་གྲོས་མོལ་ཧུར་ཐག་བྱེད་པ། གློག་འཕྲིན་དང་ཡུལ་སྐོར། བཅའ་ཁྲིམས། ལས་རིགས་ཡིག་རྒྱུགས་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒོ་མོ་ཕྱི་ཕྱོགས་སུ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེར་བཏང་ནས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་། ཆ་རྐྱེན་ལྡན་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ། རང་མོས་ཚོང་དོན་གྲུ་ཁ་བཅས་སུ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་ཐོག་མར་སྦྲེལ་མཐུད་བྱ་རྒྱུ་དང་། ཞབས་ཞུའི་ལས་རིགས་ཁྲོམ་རར་འཇུག་འཁྲོལ་གྱི་ཚད་གཞི་ཇེ་ལྷོད་དུ་གཏོང་བ། ས་མཚམས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་སྒོ་མོ་འབྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཞབས་ཞུའི་ཚོང་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཅན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱས་ནས། གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་

བཅོས་སྒྱུར་ལ་སྐུལ་འདེད་དང་གྲངས་འཛིན་ཚོང་དོན་བཅོས་སྒྱུར། གསར་སྐྲུན། འཕེལ་རྒྱས་གསུམ་ལ་སྐུལ་སྤེལ་གཏོང་རྒྱུ། རང་འགུལ་ངང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ་ཤེས་བྱ་མང་འདུས་རྣམ་པའི་ཞབས་ཞུ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ་སོགས་ཡིན། བྱ་ཐབས་གལ་ཆེན་འདི་དག་ནི་ཀྲུང་གོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ཞབས་ཞུའི་ཚོང་དོན་འཕར་བའི་གྲུབ་འབྲས་ཀྱི་ཕན་པ་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ལེགས་པའི་སྒོ་ནས་ཐོབ་པར་བྱེད་དགོས།

ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ45འཁོར་བའི་ལོ་ཡིན་ཞིང་། འཛམ་གླིང་གིས་མཐོང་བ་ནི་སྒོ་མོ་འབྱེད་རྒྱ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་སྔར་ལས་དགེ་མཚན་ལྡན་པ་དང་འཇོན་ཐང་ལྡན་པའི་ཀྲུང་གོ་དང་། སྒོ་འབྱེད་མཉམ་ལས་བྱེད་འདོད་ཤིན་ཏུ་ཆེ་བའི་རྒྱལ་ཁབ་སོ་སོ་དང་ཕྱོགས་སོ་སོར་ཡིད་དབང་འཕྲོག་ཤུགས་སྔར་ལས་ཆེན་པོ་ཡོད་པའི་ཀྲུང་གོ་རེད། ཀྲུང་གོས་ཚོང་གཉེར་ཁོར་ཡུག་རྒྱུན་མི་ཆད་པར་ཇེ་ལེགས་སུ་གཏོང་རྒྱུ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ལས་རིགས་དང་ཁྱབ་ཁོངས་སྔར་ལས་ཆེ་རུ་གཏོང་བར་སྐུལ་མ་བྱེད་པ། ཕྱི་རྒྱལ་གྱི་ཚོང་པ་ཀྲུང་གོར་ཚོང་དོན་མ་འཇོག་བྱེད་པར་ཡོང་རྒྱུར་སྔར་ལས་སྟབས་བདེ་བསྐྲུན་པ། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་དང་ས་ཁོངས་ཚོང་དོན་གྲོས་ཆོད་སྔར་ལས་མང་པོར་གྲོས་མོལ་བྱས་ནས་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཞབས་ཞུའི་ཚོང་དོན་འགྲེམ་ཚོགས་དང་ནང་འདྲེན་འགྲེམས་ཚོགས་སོགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་མིང་བྱང་གསར་པ་སེམས་ཞིབ་མོས་གསར་སྐྲུན་བྱེད་དགོས།

ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོས་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཁྲི་གཉིས་དང་སྟོང་བརྒྱད་བཞི་བརྒྱ་ལྷག་ཟིན་པ་དང34%འཕར་ཡོད། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོགས་འདུ་རུ་རྒྱལ་ཁབ59དང་རྒྱལ་སྤྱིའི་རྩ་འཛུགས་24ཡིས་འགྲེམས་སྟོན་བཀོད་སྒྲིག་བྱས་ནས་འགྲེམས་ཚོགས་ཚོགས་པ་དང་། ཁེ་ལས་2200ལྷག་ཙམ་དྲ་ཕྱིའི་འགྲེམས་སྟོན་ནང་ཞུགས་པ། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་དང་ལས་རིགས་སྣེ་འདྲེན་ཁེ་ལས500ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ། ཁྱོན་ཡོངས་ནས་རྒྱལ་སྤྱི་ཅན་དུ་འགྱུར་ཚད20%ལྷག་ཙམ་ཟིན་པ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོའི་ཁྲོམ་རར་འདོན་སྤྲོད་བྱས་པའི་གོ་སྐབས་ཆེན་པོར་སྣང་ཆེན་བྱེད་པ་གསལ་བཤད་གང་ལེགས་བྱས་ཡོད།

འཛམ་གླིང་གི་དཔལ་འབྱོར་སྒོ་མོ་ཕྱེ་ན་དར་རྒྱས་འབྱུང་བ་དང་བཀག་སྡོམ་བྱས་ན་ཉམས་རྒུད་དུ་འགྲོ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་འབྲེལ། ཕྱོགས་སོ་སོ་དང་ཐུན་མོང་གིས་ལས་སླ་མོར་ཐོབ་པ་མིན་པའི་རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོར་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་མཉམ་དུ་ལོངས་སུ་སྤྱད་ནས། འཛམ་གླིང་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།