ཀྲི་པུའུ་ཡིས་བྱ་བ་དངོས་བསྒྲུབས་ཏེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
2023.09.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 དབྱར་རྫོགས་ཏེ་སྟོན་མགོ་ཚུགས་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་པད་ལུང་སྡེ་བའི་རྩྭ་ས་སེར་པོར་གྱུར་ཡོད། བསྟུད་མར་ཉིན་འགའི་རིང་ལ་ཆར་བ་བབས་པས།  སྡེ་བའི་ལས་བྱེད་པ་རྣམས་དུས་ཚོད་སྐར་ཆ་རེ་ལའང་ཁོམ་ལོང་མེད་པར་བཏང་།

“འོས་འགན་གྱིས་འབོད་སྐུལ་བཏང་ལ། མི་དམངས་ཀྱིས་རེ་སྒུག་བྱས་ཡོད། དངོས་སྒྲུབ་ནི་མཚོ་སྔོན་པ་གསར་པའི་ཆེས་གསལ་བའི་རྟགས་མཚན་དུ་གྱུར་ལ། དངོས་སྒྲུབ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེས་གསལ་ཞིང་དྭངས་པའི་འབོད་སྒྲ་རུ་གྱུར་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཞིང་ཆེན་ཡོངས་ལ་དངོས་སྒྲུབ་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པས། ང་ཚོ་པད་ལུང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དུས་ཐོག་ཏུ་སློབ་སྦྱོང་བྱས་ཏེ་གོ་བ་བླངས་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་དོན་འཁྱོལ་དངོས་འབེབས་བྱས་པར་མ་ཟད། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཁུལ་རིམ་པའི་མུའུ་ཁྲི་ཡི་གཟན་རྩྭ་རྟེན་གཞི་གསར་སྐྲུན་བྱེད་པ་དམིགས་འབེན་བྱས་ཤིང་དེའི་ཐད་ལ་རྒྱུན་ཆད་མེད་པར་ཤུགས་བཏོན། ”   ཟླ8པའི་ཚེས17ཉིན། པད་ལུང་སྡེ་བའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི3པ་རུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་པ་ཐུབ་བསྟན་གྱིས་ཕྱོགས་གཅིག་ནས་གཟན་རྩྭའི་རྟེན་གཞིའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་ཕྱོགས་གཞན་ཞིག་ནས“ད་ལོའི་གཟན་རྩྭའི་སྐྱེས་ཚུལ་ཤིན་ཏུ་ལེགས་མོད། འོན་ཀྱང་ཉེ་ལམ་ཆར་ཆུ་མོད་པས་ཡོང་སྒོར་གནོད་པ་ཐེབས་པར་སྐྲག་ནས།   ང་ཚོའི་སྡེ་བའི་ལས་བྱེད་པས་རེས་སྐོར་ནས་གནས་འདི་བསྲུངས་པ་ཡིན”ཞེས་དེ་ལྟར་བཤད།

“དགུན་ཁར་གཟན་རྩྭ་ཡོངས་རྫོགས་བྲེག་ཅིང་ཐུམ་བརྒྱབ་སྟེ། ཕྱུགས་ལས་གཉེར་གྱིན་པའི་ཞང་གྲོང་གཞན་དག་ལ་ཕྱིར་ཚོང་བྱས་པ་ཡིན། དེ་ལྟར་བྱས་ན། གཅིག་ནས་སྤུན་ཟླ་ཞང་གྲོང་གི་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་དང་། གཉིས་ནས་ང་ཚོའི་ཡོང་སྒོ་ཡང་ཇེ་མཐོར་གཏོང་ཐུབ། ད་ལྟ་ང་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་བསྐྱེད་ཡོད་པས། ད་ལོར་ཡོང་སྒོ་བཟང་པོ་ཐོབ་པར་ཡིད་ཆེས་ཡོད”ཅེས་གྲ་སྒྲིག་བྱ་བར་ཞུགས་པའི་པད་ལུང་སྡེ་བའི་འབྲོག་པ་རྡོ་རྗེ་ཡི་གདོང་ལ་ཡིད་ཆེས་ཀྱིས་ཁེངས་འདུག

པད་ལུང་སྡེ་བའི་མཚོ་འཕང་ལ་ཆ་སྙོམས་ཀྱིས་སྨི3000ཡས་མས་ཡོད་པ་དང་། གནམ་གཤིས་དྲོད་གྲང་སྙོམས་ལ་ཉི་འོད་འཛོམས། ཁྲི་དབང་གྲོང་རྡལ་ནི་མིག་སྔར་ཆེས་ཆེ་བའི་གཟན་རྩྭ་འདེབས་འཛུགས་ཀྱི་རྟེན་གཞི་ཡིན་ལ། ལོ་རེའི་ཐོན་འབབ་ཀྱིས་གྲོང་རྡལ་ཡོངས་ཀྱི་སྤྱིའི་ཐོན་འབབ་ཀྱི65%ཡན་ཟིན་ཡོད། སངས་པ་ཐུབ་བསྟན་གྱིས་བཤད་རྒྱུར། སྔོན་ཆད། སྡེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འདུ་ཤེས་ཞན་པ་དང་། སྡེ་བའི་ཐུན་མོང་ཐོན་ལས་ཀྱི་གྲུབ་ཚུལ་ལུགས་མཐུན་མིན་པ། ཐོན་སྐྱེད་ཀྱི་གཞི་ཁྱོན་ཆུང་བ། ཚན་རྩལ་གྱི་ཆུ་ཚད་ཞན་པ་བཅས་ཀྱིས་སྡེ་བ་ཡོངས་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་དལ་ལ་རོང་འབྲོག་པའི་ཡོང་སྒོ་ཅུང་དམའ་བ་རེད་ཟེར།

2020ལོའི་ཟླ4པར། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ“ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང”བཅས་དཔེ་དབྱིབས་ཡིན་པའི་སྡེ་བའི་གཟན་རྩྭ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས།“རང་འགུལ་ངང་མ་རྐང་འཇོག་པ་དང་གཅིག་གྱུར་སྒོས་འདེབས་འཛུགས་བྱེད་པ།  ལོ་མཇུག་ཏུ་མ་རྐང་གི་ཁེ་སྤོགས་བགོ་བ་བཅས་བྱས་ཏེ།”སྡེ་བ་ཡོངས་ཀྱི་མང་ཚོགས་དེའི་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་བྱས། མིག་སྔའི་བར་དུ།  བསྡོམས་པས་ཁྱིམ་ཚང131གི་མི365ཡིས་མ་རྐང་བཞག་པ་དང་། རོང་འབྲོག་པའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་དྲུག་ལྷག་ཡིན་ལ། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཅིག་དང་བདུན་བརྒྱ་ལྷག་ཡིན།

སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཆོས་ལེགས་ཚེ་རིང་གིས་བཤད་རྒྱུར། “ང་ཚོས་གཟན་རྩྭ་ཆེད་ལས་མཉམ་ལས་ཁང་དེ་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བའི་ཐོན་ལས་གལ་ཆེན་དུ་བརྩིས་ནས་གསོ་སྐྱོང་བྱས་པ་དང་། སྔ་གཞུག་ཏུ་སྡེ་བའི་ཡར་སྔོན་གྱི་གཟན་རྩྭ་མཉམ་ལས་ཁང་གི་རྨང་གཞིའི་ཐོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ལེགས་བསྒྱུར་བྱས་ཏེ། གསར་དུ་སྐྲུན་པའི་སྡེ་བའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་དང་ཉུང་མ་འདེབས་འཛུགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང”ཡོད་ཟེར།

ན་ནིང་། ཐལ་དྲགས་པའི་གནམ་གཤིས་དང་རིམས་ནད་སོགས་ཀྱི་ཤུགས་རྐྱེན་དྲག་པོ་ཐེབས་མོད། ཡིན་ཡང་གཟན་རྩྭ་འདེབས་འཛུགས་ཀྱི་མུའུ་རེའི་ཐོན་འབབ་སྔར་བཞིན་སྤྱི་རྒྱ1815ལ་སླེབས་པ་དང་། མཉམ་ལས་ཁང་གིས་དེ་དག་ཐམས་ཅད་སྔོ་རྩྭ་གཟན་ཆས་སུ་བསྒྱུར་ཅིང་། བསྡོམས་པས་ཏུན1200ཡོད་ལ། ཕྱི་ལོའི་དགུན་དཔྱིད་ཀྱི་ཕྱུགས་ལས་འཕེལ་རྒྱས་ཐད་གྲ་སྒྲིག་གང་ལེགས་བྱས་ཤིང་རྨང་གཞི་བརྟན་པོ་བཏིངས།

ད་ལྟ།  པད་ལུང་སྡེ་བས“ཞིང་ལས་ཀྱིས་ཕྱུགས་ལས་ལ་སྐུལ་འདེད་དང་ཕྱུགས་ལས་ཀྱིས་ཞིང་ལས་ལ་སྐུལ་ཁྲིད་བྱེད་པ། ཞིང་ལས་ཐོན་རྫས་ཕྱུགས་ལས་ལ་བཙོང་བ། གཉིས་རྒྱལ་གཉིས་ཁྲིད་ཀྱི”ཐབས་ལམ་གསར་པར་བརྟེན་ནས།   ཕྱུགས་ལས་རིགས་བསྒྱུར་རིམ་སྤར་ཇེ་མགྱོགས་སུ་བཏང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་ལམ་བུ་རྒྱ་བསྐྱེད། དུས་མཚུངས་སུ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྒྱ་བསྐྱེད་པ་བརྒྱུད།  ས་ཞིང་ལུགས་མཐུན་སྒོས་བེད་སྤྱོད་པ་དང་ས་ཆུ་ཤོར་བ་སྔོན་འགོག་དང་ཆུ་ཁུངས་གསོག་སྐྱིལ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་ཏེ། རོང་འབྲོག་མང་ཚོགས་ཀྱིས་གནམ་གཤིས་རྩུབ་པོ་དང་གནོད་འཚེ་ལ་ཁ་གཏད་འཇལ་བའི་དགོས་མཁོ་ནུས་ལྡན་གྱིས་བསྐང་ལ། གྲོང་རྡལ་ཡོངས་ཀྱི་ཕྱུགས་ལས་ སྐྱོན་བྲལ་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས།

“ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་གྲུབ་འབྲས་དེ་དཀའ་སྤྱད་འབད་བརྩོན་གྱི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ལས་དོན་ལེགས་པོར་བསྒྲུབ་པ་དང་མང་ཚོགས་ཀྱི་བདེ་སྐྱིད་ལེགས་པོར་བརྩོན་པ་ཡིན”ཞེས་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་འཕེལ་རྒྱས་གླེང་ཚེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་པ་ཐུབ་བསྟན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

གྲོང་གསེབ་དར་སྤེལ་ལ“ཐབས་ལམ”ཡོད་པ་དང་། ཐོན་ལས་འཕེལ་རྒྱས་ལ“ལམ་བུ”ཡོད་པ་རེད།  པད་ལུང་སྡེ་བས་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་མང་ཚོགས་ལ་དངོས་སུ་ཐོབ་པའི“དངུལ་སྒོར”དུ་བསྒྱུར། །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།