ལས་བྱེད་པར་སྡུག་རུས་དང་འཇོན་ཐང་ངོ་མ་ལྡན་དགོས།
2023.09.12 ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ ཀློག་གྲངས། 4

 ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཚུན་ལ།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“ལག་ལེན་ལ་མཐོང་ཆེན” བྱེད་པའི་བླང་བྱ་ཧུར་ཐག་གིས་ལག་བསྟར་བྱས་ཤིང་། ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ།  སློབ་སྦྱོང་ལ་བརྟེན་ནས་ལས་གཏོད་ལ་སྐུལ་འདེད་དང་།  མཁྲེགས་གཏོར་དཀའ་སེལ་གྱིས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། “དཔོན་པོ་བྱེད་སྐབས་འགན་གཡོལ་བྱེད་པ་ནི་ཚེ་གང་གི་ཞབས་འདྲེན་རེད”ཅེས་གཞི་རིམ་གྱི་ལས་བྱེད་པ་ཞིག་གིས་བཤད་པ་ལྟར། སྣ་མང་རྙོག་འཛིང་ཆེ་བའི་རྣམ་པ་དང་དཀའ་ཉེན་བྲེལ་ལྕིའི་ལས་འགན་གྱི་མདུན་དུ། རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔར་ལས་ལྷག་པར་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་བྱེད་དགོས་ཤིང་། རང་འགན་གཙང་སྒྲུབ་དང་དཀའ་སྤྱད་འབད་སྒྲུབ་བྱེད་པའི་ཁྲོད་དུ་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་རང་བཞིན་ལ་ཞུན་བརྡར་བྱེད་དགོས་པ་དང་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་མི་གཡོལ་བ། གནད་དོན་ཐག་གཅོད་བཅས་བྱེད་པའི་ཁྲོད་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས།

ལས་བྱེད་པ་ཞེས་པའི་ཁྲོད་ཀྱི“ལས”ཞེས་པ་ཨང་དང་པོར་འཇོག་དགོས། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པའི་སྡུག་རུས་བྱེད་རྒྱུ་ནི་ཏང་ཡོན་ལས་བྱེད་པས་རྒྱུན་དུ་སྦྱོང་དགོས་པའི་བྱ་བ་ཞིག་ཡིན། ས་གནས་ཤིག་གི་བརྗོད་དོན་སློབ་གསོའི་ཕན་འབྲས་དང་གྲུབ་འབྲས་ལ་ཞིབ་བཤེར་བྱེད་སྐབས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཕན་འབྲས་དངོས་ལ་ལྟ་དགོས་ཤིང་། དཀའ་སྤྱད་འབད་བརྩོན་བྱེད་པའམ་ཡང་ན་སྒུག་ནས་སྡོད་པ་དང་། ལངས་ནས་སྐད་ཆ་བཤད་པའམ་ཡང་ན་སྒུར་ནས་ལས་ཀ་བྱེད་པ།  འཛེམ་མེད་དམར་འདོན་བྱེད་པའམ་ཡང་ན་གཡོ་ཟོལ་སླ་བཅོས་བྱེད་པ་བཅས་ལས།  བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱིན་ཡོད་ལ།  ཆབ་སྲིད་ཀྱི་སྣང་ཚུལ་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད།  ཏང་སྲོལ་གྱིས་སྲིད་སྲོལ་གང་འདྲ་ཡོང་མིན་ཐག་གཅོད་བྱེད་པ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལའང་སྐུལ་ཁྲིད་བྱེད་ཐུབ་པས། རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྤྱད་མདུན་སྐྱོད། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་རྣམ་པ་དང་སྤྱོད་ཚུལ་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པ་དང་། དེ་བཞིན་ཡང་དགའ་ལྗིད་སྐྲག་དང་། སྐྱིད་འདོད་འགུལ་འཚེར། ཁྲལ་སེལ་སླ་བཅོས། ཉི་མ་འཁྱོལ་ཐབས་སོགས་སྒྱིད་ལུག་གི་སྣང་ཚུལ་བཅོས་སྐྱོང་ནན་མོ་བྱེད་དགོས།

དོན་ཆེན་བསྒྲུབ་དུས་དང་ཡང་ན་དོན་ཆུང་བསྒྲུབ་དུས་གང་ཡིན་རུང་།  འགན་འཁྲི་འཁུར་ཕོད་པའི་རང་འགུལ་དང་སེམས་ཤུགས་ཡོད་དགོས། མང་ཚོགས་ཀྱི་ཁྲོད་དང་། གཞི་རིམ་གྱི་འཐབ་ཡུལ་དང་པོ། ཆ་རྐྱེན་ཞན་པ་དང་འགལ་བ་མང་བའི་ས་གནས་བཅས་སུ་བསྐྱོད་ན།  ཐབས་ཤེས་སྔར་ལས་རྙེད་སླ་ཞིང་འཇོན་ཐང་ཡང་ཆེ་རུ་འགྲོ་སླ་བ་རེད།  གཞུང་ལས་ཁང་དུ་བསྡད་ནས་དཔྱད་ཡིག་ལྟ་རྒྱུ་ཁོ་ནར་གོམས་པ་དང་། གོང་རིམ་གྱི་བཀའ་ཁོ་ནར་སྒུག་ནས་སྡོད་པ།  དཀའ་བ་དང་རྙོག་འཛིང་ལ་འཕྲད་སྐབས་གཡོལ་ནས་འགྲོ་བ།  མང་ཚོགས་དང་འབྲེལ་འདྲིས་ཡག་པོ་མི་བྱེད་པ།  བར་ཆད་ཕྲན་བུ་འཕྲད་ཚེ་ཕྱིར་བཤོལ་བྱེད་པ་སོགས་ཀྱི་སྣང་ཚུལ་དེ་རིགས་དང་།  འཇོན་ཐང་མེད་པ་དང་བྱ་བ་སྒྲུབ་མི་ཤེས་པ། སྒུལ་ཤུགས་མི་འདང་བ་དང་བྱ་བ་སྒྲུབ་མི་འདོད་པ། ཡང་ན་འགན་འཁྲི་ཁུར་མི་ཕོད་པ་དང་བྱ་བ་སྒྲུབ་མི་ཕོད་པ་བཅས་གང་ཞིག་ཡིན་རུང་། དེ་དག་ཚང་མ་ལེགས་བཅོས་བྱེད་དགོས། དོན་ཆེན་དང་དཀའ་གནད་གང་ཞིག་ཡིན་རུང་སེམས་ཤུགས་བསྐྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་གཟི་བརྗིད་དུ་བརྩི་བ་དང་དཀའ་གནད་ཐག་གཅོད་བྱེད་པ་བདེ་སྐྱིད་དུ་བརྩིས་ཚེ། གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བྱས་རྗེས་གསར་པ་འཇོག་ཐུབ།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་ནས་ས་གནས་བར་ཚང་མས་འགན་འཁུར་ལས་སྒྲུབ་ཀྱི་སྐུལ་ལྕག་དང་སྲུང་སྐྱོང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་འཐུས་ཚང་དུ་བཏང་ཞིང་།  བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བས།   འཇོན་ཐང་ལྡན་པ་ཡར་བསྐོ་བ་དང་།  འཇོན་ཐང་མེད་པ་མར་འབེབས་པ།  ཞན་པ་ཕྱིར་ཕུད་བཅས་འདེམས་སྤྱོད་མི་བྱེད་པའི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། ས་གནས་ཤིག་གི་ཆབ་སྲིད་ཀྱི་སྣང་ཚུལ་ཡག་པོ་དང་ལས་སྒྲུབ་ལས་གཏོད་ཀྱི་ངང་ཚུལ་ལེགས་པོ་ལྡན་ཚེ། དེ་གའི་ཏང་ཡོན་ལས་བྱེད་པ་འཚར་ལོངས་མགྱོགས་པོ་ཡོང་བ་དང་མང་ཚོགས་ལ་ཕན་པ་མང་པོ་ཐོབ་པ་རེད།   བྱེད་ཕོད་མཁན་ལ་འགན་འཁུར་བ་དང་།  འགན་འཁུར་མཁན་ལ་འགན་འཁུར་བ། བྱ་བ་སྒྲུབ་མཁན་ལ་རྒྱབ་སྐྱོར་བཅས་བྱས་ཚེ། གཞི་ནས་རྒྱུན་ཆད་མེད་པར་བྱ་བ་སྒྲུབ་པའི་ཁྲིད་ཕྱོགས་ཡང་དག་པ་དང་།   བྱ་བ་སྒྲུབ་པའི་སྒུལ་ཤུགས་ཆེ་རུ་འགྲོ་བ།   བྱ་བ་སྒྲུབ་པའི་མཉམ་ཤུགས་ཆགས་པ་བཅས་བྱེད་ཐུབ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།