འོད་ཤུགས་ཆུང་ངུས་གྲོང་གསེབ་དར་སྤེལ་ལ་ཐབས་ལམ་གསར་པ་བཏོད།
2023.09.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མིན་ཡོན་རྫོང་བྱང་རི་ཡུལ་ཚོ་བྱེ་ལུང་གདོང་སྣ་སྡེ་བར་བསྐྱོད་པ་ན། གྲལ་འགྲིག་པའི་འོད་ཤུགས་གློག་གི་ཤེལ་ལེབ་རེ་རེ་རྩྭ་ཐང་དུ་ཕྲེང་བསྟར་བསྒྲིགས་ཏེ། ཉི་འོད་འོག་བརྗིད་ཆགས་ལྷུན་དུ་སྡུག་པས། ཡིད་སེམས་རབ་ཏུ་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། བྱེ་ལུང་གདོང་སྣ་སྡེ་བའི་རྒྱབ་རིར་གནས་པའི་མིན་ཡོན་རྫོང་ཧྥུ་ཡོན་དབུལ་སྐྱོར་འོད་ཤུགས་གློག་འདོན་ས་ཚིགས་ནི་མིན་ཡོན་རྫོང་གི་དབུལ་ཐར་བྱུང་བའི་སྡེ་བ་ཞེ་བཞི་པོས་ནོར་སྲིད་དབུལ་སྐྱོར་མ་དངུལ་བཏང་ནས་བཙུགས་པ་དང་། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་དྲུག་ཁྲི་གཉིས་ལྷག་བཏང་བས། དེའི་རྒྱུ་ནོར་བདག་དབང་ནི་སྡེ་བ་ཞེ་བཞི་པོར་དབང་བ་རེད། བྱེ་ལུང་གདོང་སྣ་སྡེ་བ་ནི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན།

དབུལ་ཕོངས་སྡེ་བ་ཞེ་བཞིའི་དབུལ་ཕོངས་ཁྱིམ་ཚང་དག་བརྟན་བརླིང་སྒོས་དབུལ་ཐར་བྱེད་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་སྒོས་འཕར་བའི་ཆེད་དུ། 2018ལོར་མིན་ཡོན་རྫོང་གིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”འོད་ཤུགས་རོགས་སྐྱོར་འཆར་འགོད་དང་བསྟུན་ནས། ཐོན་ཁུངས་ལེགས་པོར་རྐང་བཙུགས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་གོ་སྐབས་དམ་འཛིན་བྱས་ཤིང་། མཚོ་བྱང་གི་འོད་ཤུགས་གློག་འདོན་ས་ཚིགས་ཐོག་མ་འཛུགས་མགོ་བརྩམས་ཏེ། ལོ་ངོ་གཅིག་གི་རིང་ལ་དྲ་སྦྲེལ་གློག་འདོན་བྱས་ཐོག རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག

མིག་སྔའི་བར་དུ། རིམ་རྩིས་ཀྱིས་གློག་ཏུའུ་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་གཉིས་ལྷག་བཏོན་ཞིང་། གློག་བཏོན་པའི་ཡོང་སྒོ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གསུམ་ཁྲི་གཉིས་ལྷག་ལ་སླེབས་པ་དང་། རྫོང་ཡོངས་ཀྱི་དབུལ་ཕོངས་ལས་ཐར་བའི་སྡེ་བ་ཞེ་བཞི་ལ་འོད་ཤུགས་གློག་འདོན་གྱི་ཡོང་སྒོ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཅིག་ཁྲི་བཞི་ལྷག་བྱིན་པ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མི་བདུན་བརྒྱ་དང་བཞི་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་འདོན་སྤྲོད་བྱས་ཏེ། གླ་ཕོགས་ཆེས་མཐོ་ཤོས་ལ་མི་རེར་ཟླ་རེར་སྒོར་སྟོང་གཉིས་དང་བཞི་བརྒྱ་བྱིན་པ་རེད། དེ་བས་འོད་ཤུགས་ཐོན་ལས་ནི་གནས་དེའི་མང་ཚོགས་ཀྱི་དངུལ་ཁུག་ལྟ་བུར་གྱུར་ཅིང་། དབུལ་ཕོངས་ཁྱིམ་ཚང་དག་བརྟན་བརླིང་སྒོས་དབུལ་ཐར་ཕྱུག་འགྱུར་ཡོང་བའི་རོགས་འདེགས་བྱེད་ཆས་སྟོབས་ལྡན་དུ་གྱུར་ཡོད།

“འོད་ཤུགས་གློག་འདོན་ས་ཚིགས་སུ་བཙུགས་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་དེས། དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་ཡོང་བའི་ཐད་འགན་སྲུང་ཆེན་པོ་བྱས་ལ། དུས་མཚུངས་སུ་མགོ་ཁུངས་སུ་དབུལ་ཕོངས་འབྱུང་བའི‘འགོག་སྒོ’དང‘ཆུ་རགས’བཙུགས་ཏེ། ཕྱིར་དབུལ་པོར་འགྱུར་བའི་ཉེན་ཁ་བཀག་བས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི‘ཉིས་རྒྱལ་རྣམ་པ’དངོས་སུ་མངོན་འགྱུར་བྱུང་”ཞེས་མིན་ཡོན་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཅུའུ་ཀྲང་གཞོན་པ་མ་ཅུན་གྱིས་དེ་ལྟར་བཤད།

འོད་ཤུགས“ཁེ་སྤོགས”ལོངས་སུ་སྤྱད་རྗེས། 2020ལོར་བྱེ་ལུང་གདོང་སྣ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྐབས་དེར“ཁེ་སྤོགས”ལོངས་སྤྱོད་བྱེད་བཞིན་པའི་དབུལ་ཕོངས་ཁྱིམ་ཚང་། དེ་མིན་ཏང་ཡོན་དང་མང་ཚོགས་རྣམས་ཀྱིས་གྲོས་ཐོག་གཅིག་ཏུ་བཞག་ཅིང་། དེ་མུར་སྡེ་བའི་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཚོགས་ཆེན་བསྡུས་ཏེ་ད་ཡོད་ཀྱི་རྫོང་རིམ་པའི་འོད་ཤུགས་གློག་འདོན་ས་ཚིགས་ཐེག་བྱད་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་དང་རྒྱ་སྐྱེད་གཏོང་བའི་ཐད་བཏང་བའི་མ་དངུལ་བཀོལ་སྤྱོད་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་དགུ་སྟོང་དགུ་ལྷག་བཏང་ནས་བྱེ་ལུང་གདོང་སྣ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་རྙིང་པའི་གམ་གྱི་ས་སྟོང་དུ་ལྷུ་ལག་བརྒྱ་དང་རེ་གཉིས་ཀྱིས་གྲུབ་པའི་སྤྱིའི་ཤོངས་ཚད་ལ་སྟོང་ཝ་དོན་གཅིག་ལྷག་ཅན་གྱི་འོད་ཤུགས་གློག་འདོན་ས་ཚིགས་བཙུགས་པ་དང་། མིང་ལ“གསེར་གྱི་རྒྱ་ཕིབས”འོད་ཤུགས་ལས་གཞི་ཞེས་བཏགས།

མིན་ཡོན་རྫོང་གི་ཉི་འོད་རྒྱག་ཚད་ལྟར་བརྩིས་ན། གློག་འདོན་ས་ཚིགས་དེའི་ཉིན་རེའི་ཆ་སྙོམས་ཀྱི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་སུམ་བརྒྱ་དྲུག་ཅུ་ཡིན་པ་དང་། དུས་ཚོད་རེར་བཏང་བའི་གློག་གི་ཡོང་སྒོ་དེ་སྒོར་ཟུར་གཉིས་དང་སྐར་མ་གཉིས་ལྟར་བརྩིས་ན། ཉིན་རེའི་ཡོང་སྒོ་སྒོར་མོ་བརྒྱ་དང་བཅོ་ལྔ་ཡོད་པས། ལོ་རེར་སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ཡོང་སྒོ་སྒོར་མོ་ཁྲི་བཞི་ལྷག་བསྐྲུན་ཐུབ། མིག་སྔའི་བར་དུ། བྱེ་ལུང་གདོང་སྣ་སྡེ་བས་དབུལ་ཕོངས་སྡེ་བའི་མི་བཅོ་ལྔ་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་གཙང་སྦྲ་པར་བཞག་སྟེ། སྡེ་བའི་ཉིན་རྒྱུན་གྱི་གཙང་སྦྲ་དང་ཞིང་སྡེའི་གཞིས་ལས་ཀུང་སི་ལ་སྟོབས་ཤུགས་གསར་པ་བསྣན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།