ཞིང་ཆེན་ཡོངས་ཀྱི་གནས་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་སྨན་རིན་ས་གནས་གཞན་ནས་རྩིས་སྤྲོད་རྒྱག་ཐུབ་པར་བྱས་པ་དང་། དེས་མང་ཚོགས་ཀྱིས་ས་གནས་གཞན་ནས་ནད་ལ་སྟོན་པར་སྨན་བཅོས་ཀྱི་རྒྱབ་བརྟེན་ཡོད་པར་བྱས།
2023.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་དཀའ་གནད་ལ་དམིགས་ཏེ། ས་གནས་གཞན་ནས་སྨན་བཅོས་བྱེད་ན་ཐད་ཀར་རྩིས་སྤྲོད་བྱེད་པའི་ཞབས་ཞུ་ལེགས་བསྒྱུར་བྱས་པ་དང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གནས་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་སྨན་རིན་ས་གནས་གཞན་ནས་རྩིས་སྤྲོད་བྱེད་ཆོག་པར་བྱས་ཡོད།

སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་འགྲོ་སོང་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་སྤྲོད་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས“ཨང་རིས་བཤེར་ནས་སྒྲུབ་པ”དང་“འཕྲལ་དུ་སྒྲུབ་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ཡུལ་གཞན་ནས་སྨན་བཅོས་བྱེད་པར་སྔར་ལས་ལྷག་པའི་ནུས་པ་ཐོན་པར་བྱས།

ཁ་པར་ནང་ནས་འགྲོ་ལུགས་སྒྲུབ་ཆོག་པས། སྨན་བཅོས་འགན་སྲུང་ཞབས་ཞུ་ལ་ནུས་ཤུགས་ཡོད་པར་གྱུར། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཐོ་འགོད་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།  སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་ས་གནས་གཞན་ནས་སྨན་བཅོས་ཐོ་འགོད་ཀྱི་སྐད་འཕྲིན་ལས་རིམ་ཆུང་གྲས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མགྲོན་སྣེ་ཆུང་གྲས། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་App   12345ཁ་པར་ཐོ་འགོད་དང་སྨན་བཅོས་འགན་སྲུང་ནང་ཞུགས་སའི་འགྲོ་ལུགས་སྒྲུབ་ས་སོགས་སུ་དྲ་ཐོག་དང་ཡུལ་དངོས་རྣམ་པས་ས་གཞན་ནས་སྨན་བཅོས་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་ཐུབ། 2023ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། རང་ཞིང་གི་སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ཞིང་ཆེན་བརྒལ་ནས་སྨན་བཅོས་ཐོ་འགོད་བྱེད་པའི་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་བདུན་བརྒྱ་ལ་སླེབས་པ་དང་། དེའི་ཁྲོད་ཞིང་ཆེན་བརྒལ་ནས་ཡུན་རིང་སྡོད་པའི་ཐོ་འགོད་མི་གྲངས་ཁྲི་བདུན་སྟོང་བརྒྱད་དང་བརྒྱད་བརྒྱར་སླེབས། ཞིང་ཆེན་བརྒལ་ནས་གནས་སྐབས་སྨན་བཅོས་བྱེད་པའི་ཐོ་འགོད་མི་གྲངས་ཁྲི་བརྒྱད་དང་དགུ་བརྒྱ་ལ་སླེབས་ཡོད་པས། ཐད་ཀར་རྩིས་སྤྲོད་བྱེད་ཚད་བསྟུད་མར་ཇེ་མཐོར་སོང་།

ཨང་རིས་བཤེར་ཏེ་འགྲོ་ལུགས་སྒྲུབ་པ་དེས་སྨན་བཅོས་འགན་སྲུང་ཞབས་ཞུའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། 2021ལོའི་ཟླ་གཉིས་པར་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་ས་གནས་གཞན་ནས་སྨན་རིན་རྩིས་སྤྲོད་ཐུབ་པའི་བྱེད་སྒོ་ཤར་གཏོང་བྱས་པ་ནས་བཟུང་། ཞིང་ཆེན་ཕྱི་ནས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་ལ་སྟོན་པ་དང་། སྨན་ཉོ་བའི་བྱེད་སྒོ་མགྱོགས་པོར་འཕར་བ་དང་། ད་ལོའི་ཟླ་དྲུག་པའི་བར། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣས་ཞིང་ཆེན་གཞན་གྱི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་ནས་ཐད་ཀར་སྨན་རིན་རྩིས་སྤྲོད་བྱེད་མཁན་འབུམ་བདུན་དང་ཁྲི་གཉིས་སྟོང་ལྔ་ལྷག་ལ་སླེབས་པ་དང་། སྨན་བཅོས་ཀྱི་སྤྱིའི་རིན་གོང་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དྲུག་ལ་སླེབས་ཤིང་། ཐེབས་རྩའི་དངུལ་གཏོང་གི་གྲངས་ཀ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དགུ་ལ་སླེབས་ཡོད། རང་ཞིང་གི་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་ཚང་མས་རྒྱལ་ཡོངས་སུ་ཁ་གཏད་དེ་ས་གནས་གཞན་ནས་ནད་ལ་སྟོན་ན་སྤྱིར་བཏང་སྒོ་བསྟེན་སྨན་ཁང་དུ་ཐད་ཀར་སྨན་རིན་རྩིས་སྤྲོད་བྱེད་ཆོག་པ་དང་། ཞིང་ཆེན་གཞན་ནས་མཚོ་སྔོན་ལ་ཡོང་བ་ཚང་མས་གློག་རྡུལ་དཔང་ཡིག་དང་། སྤྱི་ཚོགས་འགན་སྲུང་བྱང་བུ་སོགས་བཟུང་ནས་ཐད་ཀར་རྩིས་སྤྲོད་བྱས་ཆོག་པ་རེད།

འཕྲལ་དུ་སྒྲུབ་ཐུབ་པ་དེས་སྨན་བཅོས་འགན་སྲུང་ཞབས་ཞུ་ལ་སྔར་ལས་དྲོད་ཁོལ་གྱིས་ཁེངས་པར་བྱས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བྱས་ཏེ། གཞི་གྲངས་ལྟེ་གནས་བཙུགས་ནས་བཀོལ་སྤྱོད་བྱས་པ་དང་།  ཞིང་ཆེན་ནང་ཁུལ་གྱི་ས་གཞན་ནས་སྨན་བཅོས་བྱེད་པར་ཐོ་འགོད་དང“གཏན་འཁེལ་གཉིས”ཀྱི་ལས་ཁུངས་ཕན་ཚུན་ངོས་འཛིན་གྱི་རྐྱེན་སྲོལ་ཕྱོགས་ཡོངས་ནས་མེད་པར་བྱས། “ཞིང་ཆེན་ཡོངས་ལ་བྱང་བུ་གཅིག་དང་། ཞིང་ཆེན་ནང་ཁུལ་ཁྱད་མེད་ཡོང་བ”མངོན་འགྱུར་བྱས་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་གི་སྨན་བཅོས་ལས་ཁུངས་ཁྲི་བདུན་དང་སྟོང་དྲུག་ཉིས་བརྒྱ་ལྷག་གིས་ས་གཞན་ནས་སྨན་བཅོས་བྱེད་ན་ཐད་ཀར་སྨན་རིན་རྩིས་སྤྲོད་བྱེད་ཆོག་པར་བྱས། ས་གཞན་ནས་དུས་ཡུན་རིང་བོར་སྡོད་མཁན་དང་གནས་སྐབས་སུ་ས་གཞན་ལ་སོང་ནས་ནད་ལ་སྟོན་པའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣས་ས་གཞན་ནས་སྨན་བཅོས་བྱས་པ་ཐོ་འགོད་བྱས་རྗེས། ནད་ལ་སྟོན་ས་ནས་དབང་ཚད་ཡོད་པའི་གནས་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱི་ས་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་སྤྲོད་བྱེད་པའི་ཞབས་ཞུ་ཉམས་སུ་མྱོང་བའི་བྱེད་སྒོའི་སྒོ་ཕྱེས་ཆོག་པ་དང་། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པའི་མི་སྣའི་ཞག་སྡོད་སྨན་རིན་མར་ཕབ་ནས་རྩིས་ཞུ་མི་བྱེད་པའི་བསྡུར་ཚད་ཀྱི་སྲིད་ཇུས་ལག་བསྟར་བྱས་ལ། ས་གནས་གཞན་ནས་དུས་ཡུན་རིང་བོར་སྡོད་པའི་མི་སྣས་ཐོ་འགོད་བྱེད་ཡུལ་དང་སྨན་བཅོས་འགན་སྲུང་ནང་ཞུགས་ཡུལ་དུ་ཕྱོགས་གཉིས་ཀྱི་སྨན་བཅོས་འགན་སྲུང་ཐོབ་ཐང་ཉམས་སུ་མྱོང་ཆོག་པས། ཕྱོགས་གཉིས་ལ་སོང་ནས་བྱ་བ་སྒྲུབ་མི་དགོས་པ་དེས་ཆེས་ཆེ་བའི་སྒོ་ནས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣས་འགྲོ་སོང་གཏོང་བའི་ཁུར་པོ་ཇེ་ཡང་དུ་བཏང་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།