བརྗོད་དོན་སློབ་གསོ་སྐོར་གཉིས་པ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་དགོས།
2023.09.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

“སྐོར་དང་པོའི་བརྗོད་དོན་སློབ་གསོ་མཇུག་སྒྲིལ་བ་དང་། མུ་མཐུད་དག་ཐེར་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། བརྗོད་དོན་སློབ་གསོས་འཚོལ་ཞིབ་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་ཡུན་ཕན་གྱི་ལམ་སྲོལ་དུ་འགྱུར་བར་བྱེད་དགོས།” ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། བརྗོད་དོན་སློབ་གསོ་སྤེལ་རྒྱུར་བླང་བྱ་གསལ་བོ་བཏོན་པ་དང་། “སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་འགོ་བརྩམས་ཟིན་པས། ས་གནས་སོ་སོས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག རིགས་དབྱེ་མཛུབ་ཁྲིད་བཅས་རྒྱུན་འཁྱོངས་བྱས་ནས། ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་།

ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་དེ་ཞིང་ཆེན་མན་ཆད་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས། དེ་མིན་གཞི་རིམ་ཏང་རྩ་འཛུགས་གཞན་དག་བཅས་སུ་སྤེལ་རྒྱུ་ཡིན་པ་དང་། ད་ལོའི་ཟླ9པ་ནས་འགོ་བརྩམས་ཏེ་སང་ལོའི་ཟླ་དང་པོར་གཞི་རྩའི་ཆ་ནས་མཇུག་སྒྲིལ་རྒྱུ་རེད། བརྗོད་དོན་སློབ་གསོ་སྐོར་གཉིས་པ་དང་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྣ་ཁྱབ་རྒྱ་ཆེ་བ་དང་། རིགས་མང་བ། གྲངས་ཀ་མང་བ། ལས་འགན་ལྕི་བ་བཅས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་པ་དང་། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་བརྟན་དུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་གཙོ་ཐིག་དང་གཞི་རྩའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། བརྗོད་དོན་སློབ་གསོ་སྐོར་དང་པོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོ་སྐོར་དང་པོ་དང་སྦྲེལ་མཐུད་མཉམ་འགུལ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་བྱ་ཐབས་མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། “སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲུང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་རྣམ་དག་ཏུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་རྣམ་དག་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་དགོས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱས་ཏེ་རིམ་དབྱེ་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་གཙོ་བོར་འཛིན་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འགོ་བརྩམས་མ་ཐག་སློབ་གསོར་སྣང་ཆེན་བྱེད་པ། སྤྱོད་ཚུལ་ནན་མོ་རྒྱུན་འཁྱོངས་བཅས་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་བརྗོད་དོན་སློབ་གསོ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ནས“གཏིང་ཟབ་དང་། དོན་དངོས། ཞིབ་ཚགས། གནད་འཁེལ། ཕན་འབྲས་བཅས”བཏོན་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་བྱ་བ་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དངོས་སུ་བསྒྱུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ཐོག་མཚོན་པ་དང་། ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བའི་ཐོག་མཚོན་པར་བྱེད་དགོས། འཚོལ་བཤེར་དང་དག་ཐེར་གྱི་ཕན་འབྲས་དངོས་ཆེ་རུ་བཏང་ནས་འཚོལ་བཤེར་དབྱེ་ཞིབ་གཏིང་ཟབ་དང་། བསམ་བློའི་འབྱུང་རྩ་སྔོག་འདོན། དག་ཐེར་དང་དོན་འཁྱོལ་གཏིང་ཟབ་བཅས་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་ཡག་པོ་བཙུགས་ཏེ། “སྐབས་ཐོག་བཅོས་སྒྲིག”དང“ཡུན་ཕན་སྲོལ་འཛུགས”ཟུང་འབྲེལ་བྱས་ཏེ་སྒྲུབ་ཐུབ་པ་དང་། ཏན་ཏིག་སྒྲུབ་པ། ཡུན་རིང་སྤྱོད་གོ་ཆོད་པ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། དངོས་གཉེར་གོ་ཆོད་དང་ལས་སླ་སྤྱོད་བདེའི་བྱེད་ཐབས་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོར་དངོས་སུ་དམ་འཛིན་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ། ཏང་ཡོན་དང་ལས་བྱེད་པས་ལས་གནས་ཀྱི་འགན་འཁྲི་དང་བྱ་བའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་ལེན་དགོས། ལས་སྒྲུབ་ལས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཏང་ཡོན་དང་ལས་བྱེད་པར་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས། འཚོལ་བཤེར་དང་དག་ཐེར་ནན་ཏན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་ལག་བསྟར་དང་། རྩ་འཛུགས་ཀྱི་འཚོ་བ་ནན་སྐྱོང་། ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་རྒྱུར་ཤུགས་སྣོན་པ། མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་ཁོང་ཚོར་ཞབས་འདེགས་ཞུ་བ། རང་ངོས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་སོགས་ལ་དམིགས་ནས་འཚོལ་བཤེར་དང་དབྱེ་ཞིབ་ཀྱིས་གནད་དོན་གྱི་ཞན་ཆ་གནད་འཁེལ་ངང་འཚོལ་ཐུབ་པར་བྱས་ཏེ་རེ་རེ་བཞིན་དག་ཐེར་དང་གནད་འཁེལ་ཡོང་བར་བྱེད་དགོས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུ་དེ་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ལྡན་དང་ཁ་འབྲལ་ཐབས་མེད། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་བརྗོད་དོན་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས། ལས་རིགས་ཁོངས་གཏོགས་ཀྱི་གཙོ་གཉེར་སྡེ་ཁག་གིས་ལས་རིགས་ཀྱི་མཛུབ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། འགོ་ཁྲིད་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤུས་ཚད་དམ་འཛིན་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། དམིགས་འབེན་དང་བླང་བྱ་འཕྱུགས་མེད་སྣང་ཆེན་བྱས་ཏེ། “དགོངས་པར་སློབ་སྦྱོང་བྱེད་པ”དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་ནས་རིམ་པ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཁ་གཏད་མི་འདྲ་བ་བཅས་ལ་དམིགས་ཏེ་རང་སོ་སོའི་བརྗོད་དོན་སློབ་གསོའི་གཙོ་གནད་དང་ནུས་ཤུགས་བཏོན་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་ཏེ། དཔེ་མཚོན་གྱི་གྱོད་དཔེ་དམ་འཛིན་བྱེད་མཁས་པོ་བྱས་ནས“གནད་དོན་རིགས་གཅིག”ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་སྦྲེལ་མཐུད་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ནས། བརྗོད་དོན་སློབ་གསོ་སྐོར་དང་པོ་ནས་སྐོར་གཉིས་པར་སླེབས་པ་དང་། ངེས་པར་དུ་གོང་འོག་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྐྱེན་ངན་མི་འབྱུང་བ་ཁག་ཐེག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་པར་གདེང་འཇོག་བྱས་ཏེ། དོན་དངོས་ནས་མགོ་རྩོམ་པ་དང་ཕན་འབྲས་དངོས་ཀྱི་སྟེང་ནུས་པ་འདོན་པ་རྒྱུན་འཁྱོངས་བྱེད་དགོས།

ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱི་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་སྟེ། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་འཕེལ་རྒྱུ་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།