“འོད་ཤུགས་ལུག”གིས་འབྲོག་པའི་ཡོང་སྒོ་འཕར་བར་བྱས།
མཐོ་སྒང་གི་སྟོན་དུས་ནི་ལོ་ལེགས་འབྱུང་བའི་དུས་ཚིགས་ཤིག་རེད། མིག་མདུན་གྱི“འོད་ཤུགས་ལུག”གི་ཤ་ཤེད་ལ་ལྟ་བཞིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་གེ་ཡུལ་ཚོ་ཧ་ཧན་ཐུའུ་ཧི་སྡེ་བའི་མ་ཧྲིན་ཞིན་ལ་འོད་ཤུགས་འཕེལ་རྒྱས་ཀྱིས་ཕན་ཐོགས་མང་པོ་སྐྲུན་པའི་མྱོང་ཚོར་ངོ་མ་ཐོབ་ཡོད་པ་རེད།
ཚང་མས་མཚོ་ལྷོ་ཁུལ་དུ“མཚོ་གཉིས”ཡོད་དེ། གཅིག་ནི་མཐིང་མདོག་གི་རླབས་ཕྲེང་འཕྱོ་བའི་མཚོ་སྔོན་པོ་ཡིན་པ་དང་། གཞན་ཞིག་ནི་བཏུལ་ཐང་དུ་ཤེལ་ལེབ་སྤྱད་དེ་བཙུགས་པའི“མཐིང་མདོག་གི་མཚོ་མོ”ལྟ་བུ་ཞིག་ཆགས་ཡོད་པ་དེ་རེད་ཅེས་བརྗོད་བཞིན་ཡོད།
ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྗང་མདོག་འཕེལ་རྒྱས་གླིང་གི་ལྗོངས་གཟིགས་སྟེགས་བུའི་སྟེང་བསྐྱོད་སྐབས། དེ་སྔོན“ཐང་སྟོང”དུ་གྱུར་བའི་བཏུལ་ཐང་ནི་སྐྱ་ཐིང་ཐིང་གི་བྱེ་ཐང་ཞིག་མིན་པར། གྲལ་འགྲིག་ཅིང་མིག་གིས་བལྟོས་ན་མཐའ་མི་མངོན་པའི་འོད་ཤུགས་ཤེལ་ལེབ་དག་ཡིན་པ་དང་། དེ་གནམ་སའི་བར་མཚམས་སུ་ཁྱབ་ཡོད།
རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་སྐུ་དངོས་སུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་འགོད་གནང་བ་ཞིག་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། འོད་ཤུགས་གཅིག་སྡུད་དང་། འོད་ནུས། རླུང་གློག སྒྲིག་ཆས་བཟོ་སྐྲུན། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་ཆས་རིག་ནུས་ཅན་གྱི་སྐྱེལ་འདྲེན་དང་སྲུང་སྐྱོབ་གཞི་གཅིག་ཅན་གྱི་གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་གཅིག་སྡུད་ཡུག་སྦྲེལ་དང་གཅིག་གྱུར་གསར་སྤེལ་གྱི་ཕྱོགས་བསྡུས་དཔེ་སྟོན་གླིང་ཁུལ་ཞིག་བསྐྲུན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དག་གཙང་ནུས་ཁུངས་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་ཐུབ་པ་བྱུང་ཡོད།
འོད་ཤུགས་རླུང་ཆས་སྙོམས་སྒྲིག་བྱེད་བཞིན་པ།
མིག་སྔའི་བར་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་དག་གཙང་ནུས་ཁུངས་གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་ཚད་སྟོང་ཝ་སྟོང་བཞི་དང་སུམ་བརྒྱ་བཅུ་བཞི་ལ་སླེབས་པར་མ་ཟད། དྲ་སྦྲེལ་གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་ཚད་སྟོང་ཝ་སྟོང་གཉིས་དང་དགུ་བཅུ་གོ་བཞིར་སླེབས་ཤིང་། འཛུགས་སྐྲུན་བྱེད་བཞིན་པ་དང་གསར་དུ་ཁ་སྣོན་བྱས་པའི་དག་གཙང་ནུས་ཁུངས་ཀྱི་ལས་གཞི་སྟོང་ཝ་སྟོང་གཉིས་དང་ཉིས་བརྒྱ་ཉི་ཤུར་ཞིབ་བཤེར་ཆོག་མཆན་ཐོབ་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི52%ཟིན་ཡོད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཆེས་ཐོག་མའི་བརྒྱ་ཆའི་བརྒྱ་ཡི་དག་གཙང་ནུས་ཁུངས་ཀྱི་མཐོ་གནོན་སྐྱེལ་འདྲེན་གློག་སྐུད“མཚོ་སྔོན་དང་ཧི་ནན་གྱི་ཐད་རྒྱུག་གློག་རྒྱུན”གྱིས་རིམ་རྩིས་བྱས་ན་གློག་སྟོང་ཝ་ཐེར་ཆེན་གསུམ་སྐྱེལ་འདྲེན་བྱེད་པའི་སྐབས་སུ། མཚོ་ལྷོའི་དག་གཙང་ནུས་ཁུངས་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་ཚད་སྔར་ལས་ཆེ་རུ་སོང་ཡོད།
ས་རྒྱུ་ཞན་ས་ནས་ཏག་ཏག་ཧ་ལས་དགོས་པའི་མེ་ཏོག་བཞད་སྲིད་པ་ཡིན། “འོད་ཤུགས”ཀྱི་སྐོར་མང་པོ་གླེང་ན། སྔར་ལས་ལེགས་པའི་མཛེས་སྡུག་གི་མདུན་ལྗོངས་མང་པོ་ཡོད་པ་ཡིན། དེ་སྔོན་གྱི་ཐང་སྟོང་བཏུལ་ཐང་ནི་རིམ་བཞིན་ཉི་འོད་ནུས་པའི་འོད་ཤུགས་ཤེལ་ལེབ་ཀྱི“མཐིང་མདོག་གི་མཚོ་མོ”ལྟ་བུར་གྱུར་པ་དང་འོད་ཤུགས་ཤེལ་ལེབ་ཀྱི“སྲུང་སྐྱོབ”འོག དེ་སྔོན་གྱི་མུ་མཐའ་མེད་པའི་ཐང་སྟོང་དེར“འགྱུར་ལྡོག”བྱུང་ཏེ་རྩྭ་ཐང་གི་ཕྱུགས་རར་གྱུར་པ་དང་། མཐའ་འཁོར་གྱི་འབྲོག་པས་ཡང་འོད་ཤུགས་གླིང་ཁུལ་དུ་ལུག་ར་སྐོར་ནས་རོང་འབྲོག་མང་ཚོགས་ཀྱི“འོད་ཤུགས་ལུག” གསོ་ས་བྱེད་བཞིན་ཡོད།
“ངེད་ཚང་གི་ལུག་སུམ་བརྒྱ་ཚང་མ་འོད་ཤུགས་གླིང་ཁུལ་དུ་གསོ་བཞིན་ཡོད་པ་དང་། ལུག་གིས་རྩྭ་ཟོས་པ་བཟང་པས། རིན་གོང་ཡང་མཐོན་པོར་བཙོང་ཐུབ་ཀྱིན་ཡོད། སྐབས་རེར་ང་ཚོས་གླིང་ཁུལ་དུ་ཞོར་ལས་གཉེར་བཞིན་ཡོད་པ་དང་། ཉིན་གཅིག་ལ་སྒོར་མོ་བརྒྱ་ལྷག་གི་ཡོང་སྒོ་ཡོད་པ་རེད”ཅེས་གུང་ཧོ་རྫོང་ཐེ་གེ་ཡུལ་ཚོའི་འབྲོག་པ་ཞང་ཀྲན་ཁོས་འུར་ཆ་གཡུག་བཞིན་དེ་ལྟར་བཤད་པ་དང་། སྐད་ཆའི་ནང་དུ་ཡིད་ཆེས་ཀྱིས་ཁེངས་འདུག
ཞང་ཀྲན་ཁོས་ཡི་དྲན་པའི་ངོགས་སུ། ལོ་བཅུའི་སྔོན་གྱི་བཏུལ་ཐང་དུ་ཞིང་བཏབ་ན་ཆུ་མེད་པ་དང་། ཕྱུགས་འཚོས་ན་རྩྭ་མེད་པ་རེད། ད་ལྟ་འོད་ཤུགས་ཤེལ་ལེབ་མང་པོ་བཙུགས་པས་རླུང་གི་མྱུར་ཚད་ཇེ་དམའ་དང་ཆུ་རླངས་པར་འགྱུར་ཚད་ཇེ་ཉུང་དུ་ཕྱིན་པར་མ་ཟད། ད་དུང་འོད་ཤུགས་ཤེལ་ལེབ་འཁྲུ་བྱེད་ཀྱི་ཆུ་དང་། དེ་ལས་ལྷག་པར་གནས་འདིའི་སྐྱེ་དངོས་ཀུན་ལ་དུས་ངེས་གཏན་གྱིས“ཆུ་ཁ་གསབ”བྱེད་བཞིན་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། གླིང་ཁུལ་གྱི་རླུང་གི་མྱུར་ཚད50%མར་བབ་པ་དང་། ས་རྒྱུའི་ཆུ་རླངས་པར་འགྱུར་ཚད30%ཇེ་ཉུང་དུ་ཕྱིན་ཞིང་། སྤང་ཤུན་གྱི་ཁྱབ་ཚད80%བར་སླར་གསོ་བྱུང་ཞིང་། ཆུ་ཁུངས་གསོ་སྐྱོང་བྱེད་ཚད་ཆེས་ཆེར་ཇེ་མང་དུ་ཕྱིན་པ་དང་། བྱེ་འགྱུར་ས་ཞིང་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་ལྷག་སླར་གསོ་བྱུང་ཞིང་། ཐང་རྒོད་ཅན་གྱི་ས་ཞིང་དང་བྱེ་འགྱུར་ས་ཞིང་“གཉིས་མར་ཕབ་པའི”རྣམ་པ་མངོན་ཡོད་པ་རེད། དེ་སྔོན་གྱི་རྣམ་པ་རྙིང་པ་གསར་པར་གྱུར་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་།“འོད་ཤུགས་ལུག”དེ་མཚོ་ལྷོ་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱེད་ས་འཛུགས་སྐྲུན་གྱི་མིང་བྱང་གསར་བ་ཞིག་ཏུ་གྱུར་ཡོད་པ་རེད།
འོད་ཤུགས་དང་བྱེ་རླུང་འཕྲད་པ་ལས་རེ་བའི་མེ་སྟག་མཆེད།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་འབྲས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱས་ནས“འོད་ཤུགས་དང་དབུལ་སྐྱོར”ཟུང་འབྲེལ་གྱི་གནད་དོན་དེ་ཆེས་མངོན་གསལ་དོད་པོ་ཞིག་ཏུ་གྱུར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་དཀོན་མཆོག་སྐྱབས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ལྷག་བསྡུ་སྒྲིག་བྱས་ཏེ། བསྡོམས་པས་གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་ཚད་ཀྲའོ་ཝ་ལྔ་བཅུ་ལྷག་ཡིན་པའི་མཚོ་ལྷོ་ཁུལ་གྱི་འོད་ཤུགས་རོགས་སྐྱོར་གློག་འདོན་ས་ཚིགས་ལས་པ་དང་། དེས་ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་དོན་གསུམ་གྱི་ཡིག་ཚགས་ལས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་བདུན་དང་ཉིས་བརྒྱ་རེ་དགུ་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ་མངོན་འགྱུར་བྱུང་ཞིང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་སྟོང་གསུམ་དང་སུམ་བརྒྱ་ཞེ་དགུ་བཙུགས་ཏེ། གནས་སྐབས་ཀྱི་ལས་ཀ་ལས་མཁན་བསྡོམས་པས་མི་ཁྲི་གཉིས་ལྷག་ལ་སླེབས་པ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་ཁེ་ལས་ཀྱིས་ལས་བྱེད་མི་སྣ་བསྡུ་བ་དང་དཀའ་ངལ་ཆེ་བའི་ངལ་རྩོལ་པ་ལས་ཞུགས་བྱེད་པའི“ཕྱོགས་གཉིས་ཀྱི་དཀའ་གནད”སེལ་ཡོད་པ་རེད།
དེ་དང་ཆབས་ཅིག“འོད་ཤུགས་སྐྱེ་ཁམས་ཕྱུགས་རའི”ཚོད་ལྟའི་ལས་གཞི་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། “འོད་ཤུགས་ལུག”གི་གསོ་སྤེལ་གཞི་ཁྱོན་རྒྱ་སྐྱེད་དེ། “ལྗང་མདོག་འོད་ཤུགས་ལུག”གི་ཚོང་རྟགས་སྐྲུན་ནས་འོད་ཤུགས་གློག་འདོན་ས་ཚིགས་བཞི་བཅུ་ནས“འོད་ཤུགས་ལུག”ཁྲི་གཉིས་དང་སྟོང་གཉིས་ལྷག་གསོ་སྤེལ་བྱས་ཏེ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
མ་གཞི་ས་གནས་དེ་གའི་མང་ཚོགས་ཀྱི་མིག་ལམ་དུ་ལེགས་ཆ་ཅི་ཡང་མེད་པའི་ས་ཆ་དེ་དག་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་བཟང་ཆ་མང་པོ་ཡོད་པར་གྱུར་པ་དང་། ལེགས་ཆ་དེ་ལག་ལེན་གྱི་ཁྲོད་དུ་མུ་མཐུད་དོན་དངོས་དང་ཚན་རིག་གིས་བདེན་དཔང་བྱས་ཡོད་པ་སྟེ།
སྔོན་ཆད་བྱེ་རྡུལ་གྱིས་ཁེངས་པའི་ས་ཆ་དེར་གསོན་ཤུགས་དང་རེ་བ་མེད་ལ། ད་ལྟ་སྔོ་ལྗང་ལྗང་གི་རྩྭ་སས་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསྐྱལ་ཡོང་ཡོད་པ་རེད། འོད་ཤུགས་དང་བྱེ་མ་འཕྲད་པ་ན། ཚན་རྩལ་གྱི“མཐིང་མདོག་མཚོ་མོ”ལྟ་བུར་གྱུར་ཅིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“འོད་ཤུགས་གློག་འདོན་གླིང་ཁུལ་དེ་སྐྱེ་ཁམས་སྔོ་ལྗང་ཁུལ་དུ་བསྐྲུན་རྒྱུའི”བསམ་ཕྱོགས་བཏོན་ནས་བཏུལ་ཐང་གི་སྐྱེ་ཁམས་འོད་ཤུགས་གླིང་ཁུལ་གྱི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་ལག་བསྟར་བྱེད་འགོ་ཚུགས་ཤིང་། ལོ་རེར་མ་དངུལ་སྒོར་མོ་བྱེ་བ་གཅིག་ལྷག་བཏང་ནས་རླུང་འགོག་བྱེ་འཇགས་དང་། ལམ་རྒྱུད་ཀྱི་ལྗོངས་རྒྱུའི་ནགས་དང་། བགྲོད་ལམ་ལྗང་བསྒྱུར། ས་ཚིགས་ཀྱི་མཛེས་ལྗོངས་ལྗང་བསྒྱུར་སོགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱས་ནས་ནུས་ཤུགས་ཡོད་རྒུས“སྐྱེ་ཁམས་མཚོ་ལྷོ” འཛུགས་སྐྲུན་བྱས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་བརྒྱུད་ལམ་སྐྲུན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆིག་ཡོན་ལིན་གྱིས“ལྗང་མདོག་འཕེལ་རྒྱས་ནི་འཛམ་གླིང་གི་རླབས་རྒྱུན་ཞིག་ཡིན་ལ། མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་རེད”ཅེས་བཤད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དག་གཙང་ནུས་ཁུངས་འཛུགས་སྐྲུན་ཐད་ངོ་བོ་རང་བཞིན་གྱི་གོམ་སྟབས་བརྟན་པོ་སྤོས་ནས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ། མཚོ་ལྷོའི་བཀྲག་མདངས་འཚེར་བའི“གསེར་གྱི་མིང་བྱང་”ལྟ་བུ་ཞིག་ཏུ་གྱུར་ཡོད། ནུས་ཁུངས་གསར་པའི་དངུལ་གཏོང་དེ་ཁུལ་ཡོངས་ཀྱི་མ་དངུལ་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ནས་མཚོ་ལྷོ་ཁུལ་གྱི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི“འདེགས་གནས”གསར་པ་ཞིག་ཏུ་གྱུར་ཡོད།
ཉི་འོད་རབ་ཏུ་འཚེར་ཞིང་། ཆུ་རྒྱུན་ལྷངལྷུང་འབབ། རླུང་ཤུགས་མགྱོགས་པོར་འཁོར་བ་སོགས་རི་སྔོ་ཆུ་དྭངས་ནི་སྐྱེ་ཁམས་ཀྱི་ཁྱད་སྟོབས་ཡིན་པ་དང་། དག་གཙང་ནུས་ཁུངས་ནི་འཕེལ་རྒྱས་ཀྱི་སྤོབས་པ་ཞིག་ཡིན། དཀའ་སྤྱད་འབད་འཐབ་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལོ་ལེགས་དུས་ཚིགས”སུ་སླེབས་ཡོད། བཏུལ་ཐང་དུ“མཐིང་མདོག་མཚོ་མོ”ཡི་ཤེལ་ལེབ་བཙུགས་པའི་ལམ་བུ་སྔར་ལས་རྒྱ་ཇེ་ཆེ་དང་སྔར་ལས་བརྟན་འཇགས་སུ་འགྲོ་བཞིན་ཡོད་པ་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།