ཡུས་ཧྲུའུ་ཡིས་ནོར་ནག་གི་ཚོང་རྟགས་འཕེལ་རྒྱས་གཏོང་བའི་ཐད་འབད་པ་ལྷོད་མེད་བྱས།
2023.09.19 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 58

 ནོར་ནག་ཐོན་ལས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི“ཐོན་ལས་དང་པོ”དང“ཚོང་རྟགས་དང་པོ”ཡིན།  གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟ་ཡུས་ཧྲུའུ་ནོར་ནག་གི་གྲངས་ཀ་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་ལྷག་ཏུ་བསླེབས་ཡོད་པས། འཛམ་གླིང་ཡོངས་ཀྱི་ནོར་ནག་སྤྱི་འབོར་གྱི་བཅུ་ཆའི་གཅིག་ཙམ་ཟིན་ཡོད།

ཉེ་བའི་ལོ་ཤས་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་།  སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཡུས་ཧྲུའུ་ནོར་ནག་གི་ཚོང་རྟགས་གྲགས་ཅན་བཏོད་པ་རེད།   མིག་སྔར་ཡུས་ཧྲུའུ་ཁུལ་གྱིས་ནོར་ནག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་དང་། ཐོན་ལས་སྦྲེལ་ཐག་བཟོ་བཞིན་ཡོད་པས།  ནོར་ནག་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་གསར་བ་མངོན་ཡོད།

ཡུས་ཧྲུའུ་ཁུལ་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཡོད་ན་ཡང་། ཕྱུགས་ལས་འཕེལ་རྒྱས་གཏོང་དགོས་ན་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གཙིགས་སུ་འཛིན་དགོས།    ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར།  ཡུས་ཧྲུའུ་ཡི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྐྱེ་ཁམས་ནི་རྩྭ་ཐང་ཡིན་ཞིང་། རྩྭ་ཐང་གི་ཆེས་གཞི་རྩར་གྱུར་བའི་གྲུབ་ཆ་ཉག་ཅིག་ནི་ནོར་ནག་ཡིན།  ནོར་ནག་གི་ཚོང་རྟགས་གྲགས་ཅན་བཟོ་བ་དེ་མདོ་དབུས་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་འབྲེལ་བ་དམ་པོ་ཡོད་པས།  རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ།  རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ།  སྐྱེ་ཁམས་སྔོན་སྤེལ་གྱི་ཁྲོད་ནས་སྤྱི་ཚོགས་ཀྱི་ཕན་ཁེ་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཉིས་མཉམ་དུ་ཐོབ་པར་བྱེད་དགོས་ཟེར།

ཡུས་ཧྲུའུ་ཁུལ་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་ཁུལ་དུ་བདམས་ཤིང་། ནོར་ནག་གི་གྲངས་ཀ་ཞིང་ཆེན་ཡོངས་ཀྱི་དང་པོར་གྱུར་པ་དང་། རྩྭ་ས་སྤྱི་ཆིང་བྱེ་བ་གཉིས་ཡོད། དེའི་ནང་ཆུ་དམར་ལེབ་རྫོང་དུ་ཁྱོན་བསྡོམས་རང་བྱུང་རྩྭ་ས་སྤྱི་ཆིང་ས་ཡ་གཉིས་འབུམ་གཉིས་ལྷག་ཡོད་པས།  རྫོང་དེའི་རང་བྱུང་རྩྭ་ས་དང་ཕྱུགས་ཟོག་ལ་སྐྱེ་ལྡན་ཐོན་རྫས་ངོས་འཛིན་ཁས་ལེན་གྱི་བདེན་དཔང་ཐོབ་ཡོད།

སྣེ་གཅིག་སྐྱེ་ཁམས་ཁོར་ཡུག་ལ་འབྲེལ་ཞིང་། སྣེ་གཅིག་ནོར་ནག་ཐོན་ལས་འཕེལ་རྒྱས་གཏོང་བར་འབྲེལ་ཡོད།   མི་དང་རྩྭ་ཕྱུགས་ཀྱི་འཕེལ་རྒྱས་དོ་མཉམ་ཇི་ལྟར་ཡོང་དགོས་པའི་གནད་དོན་ཕྱོགས་ནས་ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་ལམ་ལུགས་བཅོས་སྒྱུར་བྱས་ཏེ།  “དུས་བཞིར་འཚོ་སྐྱོང”གི་བྱེད་ཐབས་བཏོན་པ་སྟེ།   རྩྭ་ས་དུས་བཞི་ལ་བགོས་ཏེ།  དུས་ཚིགས་རེའི་ནང་རྩྭ་ས་རེ་ནས་འཚོ་སྐྱོང་བྱས་ན།  གཞན་པའི་རྩྭ་སར་ལོ་རེར་ཟླ་བ9རིང་ལ་རྩྭ་གསོ་བའི་དུས་ཚོད་ཡོད་ལ།   ཕྱུགས་ཟོག་ལ་དུས་ཚིགས་བཞི་བོར་རྩྭ་ཟ་རྒྱུ་ཡོད་པས།  རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པར་མ་ཟད།  འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱེད་ཐུབ་པ་དང་།    རྩྭ་ཕྱུགས་གཉིས་ཀ་དོ་མཉམ་ཡང་ཡོང་ཐུབ་པ་རེད།

ཡུས་ཧྲུའུ་ནོར་ནག་ནི་མཐོ་སྒང་ནོར་ནག་གི་རིགས་རྒྱུད་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།  ཆུ་དམར་ལེབ་རྫོང་གིས་ཕྱུགས་རྒྱུད་གསོ་སྤེལ་གྱི་ཁྱད་ཆོས་ལ་བརྟེན་ནས་རྒྱུད་བཟང་འབྲོང་ཚ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།

ཡུས་ཧྲུའུ་ཁུལ་གྱིས་ཕྱུགས་རྒྱུད་གསོ་སྤེལ་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་རིམ་པའི“ཡུས་ཧྲུའུ་ནོར་ནག”གི་རྒྱུད་བཟང་གསོ་སྤེལ་བྱེད་ས་གཅིག་དང་།  ཁུལ་དང་རྫོང་རིམ་པའི་ཡུས་ཧྲུའུ་ནོར་ནག་གི་རྒྱུད་བཟང་ལྟེ་གནས་བདུན།   ནོར་ནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི20། ཡུས་ཧྲུའུ་ནོར་ནག་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང40བཅས་བཙུགས་ཡོད་ཅིང་།  སྔ་རྗེས་སུ་འབྲོང་ཚ་ཁྲི་གཉིས་ལྷག་ལ་སླེབས་ནས།  ཁུལ་ཡོངས་ཀྱི་ཕྱུགས་རྒྱུད་གསོ་སྤེལ་བྱ་བའི་འཕེལ་ཁ་ཇེ་ལེགས་སུ་ཕྱིན་ཡོད།

རྒྱུད་བཟང་གསོ་སྤེལ་གྱིས་ཡུས་ཧྲུའུ་ནོར་ནག་གི་ཐོན་ལས་ལ་གསོན་ཤུགས་བསྩལ། ཡུས་ཧྲུའུ་ཁུལ་གྱིས་རྒྱུད་བཟང་གསོ་སྤེལ་ཁྱིམ་ཚང་དང་།  སྐྱེ་ཁམས་ཞིང་ཕྱུགས་ར་བ།   སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་།  ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས།  སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཚོགས་པ་སོགས་གསར་དར་གཉེར་སྐྱོང་ཁྱིམ་ཚང་གི་གཉེར་སྐྱོང་ཚད་ལྡན་ཡོང་བར་ཁྲིད་སྟོན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཡག་པོ་བྱས།  ཁུལ་ཡོངས་སུ་ད་ལྟ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང206དང་།  རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང745།  ཁྱིམ་ཚང་གི་ཞིང་ཕྱུགས་ར་བ120བཅས་ཡོད། 2022ལོར་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་སྒོར་བྱེ་བ་བཞི་ལས་བརྒལ་ཡོད།

ཡུས་ཧྲུའུ་ནོར་ནག་གི་རྒྱུད་བཟང་བས།     ནོར་ནག་གི་རིན་གོང་ཚད་བརྒལ་དང་ཡོང་འབབ་འཕར་སྣོན་གྱི་དམིགས་འབེན་ཇི་ལྟར་མངོན་འགྱུར་བྱེད་རྒྱུ་ནི། ཚོང་རྟགས་གྲགས་ཅན་གྱི་ལམ་དུ་བསྐྱོད་དགོས་པ་དེ་རེད།

ཚོང་རྟགས་གྲགས་ཅན་ནི་ཡིད་རྟོན་གྱི་བསྡུས་གཟུགས་ལྟ་བུ་ཡིན། ད་ལོར་ཡུས་ཧྲུའུ་ཁུལ་དང་ཀྲུང་གོའི་ཞིང་ལས་གློག་བརྙན་བརྙན་འཕྲིན་ལྟེ་གནས་དང་།  པེ་ཅིན་ཏུང་ཅིན་ཆི་ཏིན་ཀུང་སི་བཅས་ཕྱོགས་གསུམ་པས་མཉམ་དུ“ཡུས་ཧྲུའུ་ནོར་ནག”ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་བཟོས་ཏེ།  ཡུས་ཧྲུའུ་ཡི་ལོ་རྒྱུས་དང་མི་ཆོས། ས་ཁམས་ཆགས་ཚུལ།  ཐོན་རྫས་ཀྱི་ཁྱད་ཆོས་བཅས་སྔོག་འདོན་བྱས་ནས། ཡུས་ཧྲུའུ་ནོར་ནག་གི་ཚོང་རྟགས་གྲགས་ཅན་ལ་གསོན་ཤུགས་བསྩལ་བ་དང་།  ཡིད་འགུགས་ཀྱི་ནུས་པ་བསྐྱེད་ནས་ཚོང་རྟགས་ཀྱི་རིན་ཐང་ཆེ་ཤོས་མངོན་འགྱུར་བྱས།

ཚོང་རྟགས་གྲགས་ཅན་བཏོད་པའི་གོ་རིམ་ཁྲོད། ཡུས་ཧྲུའུ་ཁུལ་གྱིས་པེ་ཅིན་གྱི་ཧྥུ་ལའེ་བློ་འདྲི་བར་འབྲེལ་གཏུག་བྱས་ནས་ཡུས་ཧྲུའུ་ནོར་ནག་ལ“ཚོང་རྟགས་ཀྱིས་ཐོན་ལས་ལ་སྒུལ་ཤུགས་སྩོལ་བ་དང་།  ཁྲོམ་རས་སྐྱེ་ཁམས་གསོ་བའི”འཕེལ་རྒྱས་ཐབས་ལམ་བཏོན།

ཉི་མ་ཚེ་རིང་གིས་བཤད་རྒྱུར།  ཧྥུ་ལའེ་བློ་འདྲི་ཡིས་འཚོལ་ཞིབ་བྱུང་བའི་ཡུས་ཧྲུའུ་ནོར་ནག་གི་འཕེལ་རྒྱས་ལམ་བུ་ནི།  འབྲོང་ཚ་གཙོ་བྱས་པའི་ཚད་གཞི་མཐོ་ཤོས་ཀྱི་སྐམས་ཤ་ཐོན་རྫས་ཡིན།   འབྲོང་ཚ་གཞི་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་ཐོན་རྫས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་།   ཐོན་ལས་ཀྱི་དཀའ་གནད་ཐག་གཅོད་བྱས་ནས་ནོར་ནག་ཐོན་ལས་རྒྱུད་ཆད་མེད་པར་སྤུས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་།   ནོར་ནག་གི“ཐོན་སྐྱེད་དང་། འཚོ་བ།  སྐྱེ་ཁམས།”བཅས་ཀྱི་བྱེད་ནུས་ཆེན་པོ་གསུམ་གཞི་བྱས་ཏེ།   ཧྥུ་ལའེ་བློ་འདྲིས་ཡུས་ཧྲུའུ་ནོར་ནག་ལ་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས།  ཚེ་སྲོག་བཅས“རྣམ་པ་བཞི་གཅིག་དུ་འདུས་བའི”མདོ་དབུས་མཐོ་སྒང་གི་གཅིག་མཐུན་ཚོགས་པའི་འདུ་ཤེས་བཏོན་པར་མ་ཟད།  དེ་ལ་བརྟེན་ནས་མི་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་རམ་འདེགས་བྱས་ནས།    སྐྱེ་ཁམས་སྔོན་སྤེལ་གྱི“ཡུས་ཧྲུའུ་ཡི་མ་དཔེ”བསྐྲུན་པའི་བྱེད་ཐབས་ཀྱང་བཏོན་ཡོད་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།