ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བའི“སྤྱོད་བཟང་སྒོ་རྩིས་ཚོང་ཁང”དུ་ཕྱིན། སྒྲོམ་གཞིའི་སྟེང་དུ་ཀ་ཏོ་ར་དང་ལག་ཕྱིས། གཙང་ཤོག འདག་རྫས། སྲན་སྣུམ་སོགས་ཀྱི་འཚོ་བའི་མཁོ་རྫས་སྣ་ཚོགས་གྲལ་དག་མོར་བསྒྲིགས་ཡོད་པ་མཐོང་། སྒོ་རྩིས་ཚོང་ཁང་དེ་ཆུང་རུང་ནང་དུ་ཚང་མ་འཛོམས་ཡོད་དེ། ཞོར་ཟས་ཁུལ་དང་འཚོ་བའི་མཁོ་རྫས་ཁུལ། སློབ་སྦྱོང་ཡོ་ཆས་ཁུལ། འབྲས་ཕྱེ་ཟས་སྣུམ་ཁུལ། གློག་ཆས་སོགས་ཡོད། ཚོང་ཁང་དེའི་ནང་དུ་མི་ལང་ལོང་དུ་འཁོར་ནས་ཚང་མས་རང་ཉིད་ཀྱིས་བསགས་པའི་སྤྱོད་བཟང་སྐར་མ་དངོས་པོར་བརྗེ་བཞིན་འདུག
སྡེ་མི་གཡང་བྱམས་རྒྱལ་གྱིས་གྱང་ངོས་ཀྱི《སྨར་ཁམས་སྡེ་བའི“སྤྱོད་བཟང་སྒོ་རྩིས་ཚོང་ཁང”གི་བསགས་སྐར་ལུགས་ཀྱི་དོ་དམ་བྱེད་ཐབས་དང་ལག་བསྟར་ཚད་གཞི》བསྟན་ནས་བཤད་རྒྱུར། “ཁྱེད་ཀྱིས་ལྟོས་དང་། གྲོང་གསེབ་དར་སྤེལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། ཧུར་བརྩོན་གྱིས་རང་སྡེ་བའི་འཕེལ་རྒྱས་དང་ཐུན་མོང་ལ་རྒྱུ་ནོར་དང་སྟོབས་ཤུགས་འདོན་པ་དང་། གྲོང་གསེབ་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཐབས་འདོན་ཇུས་འབུལ་བྱས་པར་མ་ཟད་དེ་སྡུད་ལེན་བྱས་པ་དག་ལ་སྐར་མ100དང་། ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་བཙུགས་པར་མ་ཟད་སྡེ་མི་རྣམས་ཀྱི་སྣེ་ཁྲིད་ནས་ཕྱུག་བསྒྱུར་བྱེད་མཁན་དག་ལ་སྐར་མ100། རིག་རྩལ་ལུས་རྩལ་བྱ་འགུལ་དང་འོས་འགན་སྡོང་འཛུགས། གད་སྙིགས་འདྲུད་པ་སོགས་ལ་ཧུར་བརྩོན་གྱིས་ཞུགས་མཁན་དག་ལ་སྐར་མ100བསྣན་ཡོད། ང་ཚོས་ཉིན་རྒྱུན་གྱི་རྣམ་འགྱུར་ལ་བལྟས་ནས་བསྣན་པའི་སྐར་མ་དག་འཚོ་བའི་མཁོ་རྫས་ལ་བརྗེ་ཆོག སྐར་མ་གསོག་པའི་ཆ་རྐྱེན་གྱིས་སྡེ་མི་རྣམས་ལ་ཚོད་འཛིན་གྱི་ནུས་པ་དྲག་པོ་ལྡན་པ་དང་། བསགས་དངུལ་ལམ་ལུགས་ལ་ཁྱིམ་ཚང་ཚང་མ་ཞུགས་ཆོག་པས། ང་ཚོའི་གཞི་རིམ་བཅོས་སྐྱོང་ལ་ཞུགས་པའི་བརྩོན་སེམས་ཆེས་ཆེར་བསླངས་སོང་།”
གཞི་རིམ་བཅོས་སྐྱོང་གི་འཁོར་སྐྱོད་ཐད་ཕན་འབྲས་དངོས་ལོན་པར་སྔར་བས་སྐུལ་འདེད་གཏོང་བ་དང་། སྡེ་སྲོལ་དམངས་ཆིངས་དང་སྤྱོད་བཟང་བསགས་དངུལ་དེ་གདེང་འཇོག་སྟོན་གྲངས་ཀྱི་སྐུལ་སློང་དང་ཚོད་འཛིན་ཟུང་གི་མ་ལག་ཏུ་ཆགས་སུ་འཇུག་པ། ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན་བྱེད་པར་སྐུལ་སློང་གོ་ཆོད་བྱེད་པ། མང་ཚོགས་རྒྱ་ཆེར་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་སློང་བ་བཅས་ཀྱི་ཆེད་དུ། ད་ལོར། མགོ་མང་གྲོང་རྡལ་གྱིས་སྨར་ཁམས་སྡེ་བ་ཚོད་ལྟའི་གནས་བྱས་ཏེ། “སྤྱོད་བཟང་བསགས་སྐར་ལ་བརྗེ་བ་དང་བསགས་སྐར་དངོས་པོར་བརྗེ་བ”ཡི“སྤྱོད་བཟང་སྒོ་རྩིས་ཚོང་ཁང”ཕྱེས།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྒོ་རྩིས་ཚོང་ཁང་གི་བསགས་དངུལ་དེ་ནི་སྡེ་སྲོལ་དམངས་ཆིངས་ཀྱི་བསགས་དངུལ་དང་སྤྱོད་བཟང་བསགས་དངུལ་སོགས་ལས་གྲུབ་པ་རེད། སྒོ་རྩིས་ཚོང་ཁང་གིས་ཁྱིམ་ཚང་སྡེ་ཚན་དུ་བརྩིས་པ་དང་དུས་ཚིགས་རེར་སྡོམ་རྩིས་ཐེངས་གཅིག་རེ་བྱེད་དགོས། ཟླ་རེའི་ཟླ་མགོར་དཔྱད་བཤེར་ཚན་ཆུང་ཁྱིམ་ཚང་དུ་འཚམས་འདྲིར་སོང་ནས་སྡེ་མི་རྣམས་ལ་སྐར་མ་རྒྱག་དགོས། ཟླ་རེའི་ཚེས15ཉིན་གྱི་སྔོན་དུ་གནས་ཚུལ་ཁྱབ་སྒྲོག་བྱེད་དགོས། སྐར་མ1ལ་སྒོར5ཡི་ཚད་གཞི་ལྟར་ལོ་ཕྱེད་རེའི་ནང་ཐེངས་གཅིག་ལ་བསགས་སྐར་དངོས་པོར་བརྗེ་དགོས་པ་དང་བརྗེ་ཐེངས་ཇི་ལྟར་མང་ཡང་ཆོག སྡེ་མི་རྣམས་ཀྱིས་སྐར་འབྲས་ཀྱི་མང་ཉུང་ལྟར“སྤྱོད་བཟང་སྒོ་རྩིས་ཚོང་ཁང”དུ་བསགས་སྐར་དེ་དངོས་པོར་བརྗེ་ཆོག
སྨར་ཁམས་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་མ་མིང་ཧུང་གིས“‘སྤྱོད་བཟང་སྒོ་རྩིས་ཚོང་ཁང’གིས་གཟུགས་མེད་ཀྱི་སྡེ་སྲོལ་དམངས་ཆིངས་ལ་མིག་མཐོང་ལག་ཟིན་གྱི་རིན་ཐང་བསྩལ་ཡོད། སྡེ་སྲོལ་དམངས་ཆིངས་ཀྱི་ཚོད་འཛིན་སྒྲིག་སྲོལ་དང་སྤྱོད་བཟང་བསགས་དངུལ་གྱི་སྐུལ་སློང་སྒྲིག་སྲོལ་བརྒྱུད་ནས་བཅོས་སྐྱོང་བྱེད་ཐབས་བཀོལ་ཏེ། གྲོང་གསེབ་བཅོས་སྐྱོང་གི་བཅོས་གསུམ་མཉམ་འདྲེས་ཀྱི‘ཀུན་སྤྱོད་བཅོས་སྐྱོང’དང་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བར་རྨང་གཞི་ལེགས་པོ་བཏིངས་ཡོད”ཟེར།
འགུལ་སྐྱོད་སྐར་མར་བརྗེ་བ་དང་སྐར་མ་གོམས་སྲོལ་དུ་བསྒྱུར་པ། གོམས་སྲོལ་གྱིས་སྲོལ་གསར་བཏོད་པ་ཡི“སྤྱོད་བཟང་སྒོ་རྩིས་ཚོང་ཁང་ཕྱེ་བ་ཡིས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་བསྐྲུན་ཞིང་སྡེ་མི་རྣམས་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་བསླངས་པ་དང་། དཔལ་ཡོན་ཡུལ་སྲོལ་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ཡོད་པས་གྲོང་གསེབ་དར་སྤེལ་གྱི་བྱ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་ཕན་ཐོགས་བྱུང་།
མ་མིང་ཧུང་གིས་གསར་འགོད་པར་བཤད་རྒྱུར། སྒོ་རྩིས་ཚོང་ཁང་གི་ཡུན་རིང་སྐྱོན་བྲལ་གྱི་འཁོར་སྐྱོད་ལ་འགན་སྲུང་བྱ་ཆེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་བསམ་འཆར་རྒྱ་ཆེར་སྡུད་པ་དང་ཐེངས་མང་པོར་གྲོས་བསྡུར་བྱས་པའི་རྨང་གཞིའི་སྟེང་། ལོ་དང་པོར་གླ་རིན་མེད་པར་བཟོས་པ་དང་བསགས་སྐར་དངོས་པོར་བརྗེ་བའི་འགྲོ་གྲོན་ཚང་མ་སྡེ་བ་ཐུན་མོང་གིས་ཁུར་ནས། སྤྱོད་བཟང་སྒོ་རྩིས་ཚོང་ཁང་སྡེ་བ་དེའི་སྡེ་མིར་འགན་ལེན་བྱེད་དུ་བཅུག་སྟེ། རང་ཡུལ་མང་ཚོགས་ཉེ་ས་རུ་ལས་ཞུགས་བྱེད་པར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
“སྤྱོད་བཟང་སྒོ་རྩིས་ཚོང་ཁང”ཚོང་གཉེར་བྱས་པའི་ཚུན་དུ། རིམ་བསགས་ཀྱིས་བསགས་སྐར3000དངོས་པོར་བརྗེས་པ་དང་མང་ཚོགས་ལ་ཞབས་འདེགས་ཐེངས1060ལ་ཞུས། “སྒོ་རྩིས་ཚོང་ཁང”གིས་དར་སྲོལ་གསར་པའི་སྣེ་དྲངས་ཤིང“བསགས་སྐར”གྱིས“བཅོས་སྐྱོང”ལ་ཕན་བཏགས་པ་དང་། “བསགས་སྐར་སྒོ་རྩིས་ཚོང་ཁང”གིས་རྒྱ་ཆེའི་མང་ཚོགས་རང་འགུལ་གྱིས་ཞུགས་པའི་སྤྲོ་བ་བསླངས། དེ་ནས་སྡེ་མི་རྣམས་ལ་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་འཚོལ་སྙེག་གི་དམིགས་འབེན་ཡོད་པར་གྱུར་ནས་དཔལ་ཡོན་ལག་ལེན་དེ་མཐོང་རྒྱུ་རེག་རྒྱུ་ཡོད་པ་ཞིག་ཏུ་གྱུར།
མགོ་མང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསོད་ནམས་འབུམ་སྐྱབས་ཀྱིས་“སྨར་ཁམས་སྡེ་བའི‘སྤྱོད་བཟང་སྒོ་རྩིས་ཚོང་ཁང’གིས་སྡེ་སྲོལ་དམངས་ཆིངས་རྨང་གཞི་དང་བསགས་སྐར་འབྲེལ་ཐག་བྱས་ནས། སྡེ་སྲོལ་དམངས་ཆིངས་ལ‘ཚོད་འཛིན’ནུས་པ་ཐོན་ཐབས་འཚོལ་སྙེག་བྱས་ཤིང་། སྡེ་མིའི་རང་སྐྱོང་དང་སྤྱོད་སྐྱོང་དེའི་ཁྲོད་དུ་འདྲེས་སུ་འཇུག་པ་དང་། མི་ཚང་མ་ཞུགས་ཐུབ་ཅིང་བརྩོན་པས་སྐར་གསོག་དངོས་སྒྲུབ་བྱས་པར་ཁས་ལེན་ཐོབ་པ། དཔལ་ཡོན་བྱ་སྤྱོད་ལ་བསྟོད་བསྔགས་བྱེད་པའི་ཁྲིད་ཕྱོགས་གསལ་པོ་ཞིག་ཡོད་དུ་བཅུག་པ་དང་། ཡུལ་སྲོལ་དཔལ་ཡོན་གྱི་འཛུགས་སྐྲུན་གྱི་ལམ་བུ་གསར་པ་ཞིག་ཏུའང་བསྐྱོད་ཡོད། དེའི་འཕྲོར་ང་ཚོས་མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བ་ཚོད་ལྟའི་གནས་བྱས་ཏེ། སྤྱོད་བཟང་སྒོ་རྩིས་ཚོང་ཁང་གྲོང་རྡལ་ཡོངས་སུ་རིམ་བཞིན་འོས་སྦྱོར་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།
ད་ལྟ། “གཅེས་སེམས་སྒོ་རྩིས་ཚོང་ཁང”གི་བསགས་སྐར་ལམ་ལུགས་ལག་བསྟར་བྱས་ཤིང་དེའི་སྣེ་ཁྲིད་འོག སྡེ་མི་རྣམས་སྡེ་བའི་བྱ་འགུལ་སྣ་ཚོགས་ལ་རང་འགུལ་གྱིས་ཞུགས་བཞིན་ཡོད་ལ། ཁྱིམ་མཚེས་བར་ལ་གཅེས་སེམས་བརྒྱུད་སྤྲོད་ཀྱི་ཟམ་པ་ཞིག་འཕངས་ནས། “བསགས་སྐར་ཕྲན་བུས་དཔལ་ཡོན་ཆེན་པོ་སྡུད་པའི”བསགས་སྐར་ལམ་ལུགས་ཀྱི་དོ་དམ་གྲུབ་འབྲས་ཐོན་ཞིང་། སྡེ་བའི་རྣམ་པ་གཙང་ཞིང་གཞིས་ཆགས་ཁོར་ཡུག་ལེགས་པ། བདེ་སྐྱོང་དོ་དམ་ལ་སྒྲིག་ལམ་ཡོད་པ། སྡེ་མིའི་དཔལ་ཡོན་གྱི་སྤུས་ཚད་མཐོར་འདེགས་བཅས་ཀྱི་སྣང་ཚུལ་ལེགས་པོ་ཞིག་མངོན་ཡོད། དཔལ་ཡོན་གྱི་དར་སྲོལ་གསར་པ་དྲོད་འཇམ་གྱི་རླུང་བུ་དང་འདྲ་བར་གྲོང་གསེབ་ཀྱི་གྲུ་ཁ་རེ་རེར་ལྡིང་ནས་མི་རེ་རེའི་སེམས་པ་གསོ་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།