འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་དམར་ཆུ་དང་འདམ་ཆུ་མཉམ་འདྲེས་ཁུལ་གྱི་ཆུ་ལམ།(ཟླ་7ཚེས27ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིག་ཧྲི་ཕིང་གིས་མི་མེད་གནམ་གྲུའི་བླངས་པའི་པར།)
འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། འཛམ་གླིང་གི་ཡང་རྩེ་ནས་རི་མཐོ་གྲོག་རོང་བརྒྱུད་ནས་དལ་གྱིས་འབབས་ཤིང་། རིམ་བཞིན་ཆུ་བོ་ཐམས་ཅད་འདུས་ནས་རྒྱ་མཚོར་འདྲེས་པས། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་དཔལ་ཡོན་དང་། ལས་ལ་བརྩོན་ཞིང་དཔའ་ངར་ཅན་གྱི་ཀྲུང་ཧྭའི་བུ་བུ་མོ་གསོ་སྐྱོང་བྱེད་བཞིན་ཡོད།
འབྲི་ཆུར་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་བཀོད་ཡོད་ཅིང་། ཐེངས་རེ་རེའི་འཚམས་འདྲིའི་ཁྲོད་གནང་བའི་མངག་བཅོལ་ཟབ་མོ་དང་རྒྱང་རིང་ཇུས་འགོད། མ་ཡུམ་གཙང་པོ་སྲུང་སྐྱོབ་བཅས་ལ་བཅངས་བའི་བརྩེ་སེམས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་གནང་ཡོད།
གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུ་བ་དང་མི་དམངས་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཡིན་ལ་ཆེས་གཏིང་ཟབ་པའི་བརྩེ་སེམས་ཤིག་ཀྱང་ཡིན།
(གཅིག)ཅང་སུའུ་ནན་ཐུང་གཙང་འགྲམ་གྱི་མུ་ཏིག
བུའུ་ཧྲན་ས་ཁུལ་པིན་ཅང་ས་རྒྱུད་དུ་ལངས་ནས་རྒྱང་རིང་ལ་གཟིགས་པ་ན། གཙང་པོ་དང་རྒྱ་མཚོ་རྔམ་བརྗིད་ལྡན་ལ། གཙང་པོའི་ངོགས་སུ་རྩི་ཤིང་གིས་ཁེངས་ཡོད།
“ང་རང1978ལོར་བུའུ་ཧྲན་ས་ཁུལ་དུ་ཡོང་མྱོང་བས་ཡངས་ཤིང་རྒྱ་ཆེ་བའི་འབྲི་ཆུ་ལ་བག་ཆགས་ཟབ་མོ་ཡོད”ཅེས་གསུངས། 2020ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་ས་ཚིགས་དང་པོ་རྟོག་ཞིབ་གནང་སྐབས་གནས་དེར་ཕེབས་ཤིང་།ཡུལ་ལྗོངས་ལ་བརྩེ་བ་ཟབ་མོ་བཅངས་པས་ཚོར་སྣང་ཟབ་མོ་སྐྱེས་ཡོད།
“སྔོན་ཆད་བཙོག་ཟིང་ཞན་གསུམ་གྱི་ས་ཆ་དེ་ད་ལྟ་སྤྱི་གླིང་གི་སྔོ་ལྗང་ཁུལ་དུ་གྱུར་ཡོད། དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་གསུངས།
ལོ་ངོ40ལྷག་ཙམ་གྱི་རིང་ལ། ཉིན་མཚན་དབྱེར་མེད་བཞུར་བཞིན་པའི་འབྲི་ཆུས་ཀྲུང་ཧྭའི་ས་གཞི་ཆེན་པོ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་བདེན་དཔང་པོ་བྱས་ཡོད།
“འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་ལ། ཀྲུང་ཧྭ་མི་རིགས་གོང་འཕེལ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་འབྲི་ཆུ་ཡིས་ཐེག་བཞིན་པ་ནི་མི་རིགས་འཕེལ་རྒྱས་ཀྱི་ཇུས་ཆེན་ཡིན།
འབྲི་ཆུ་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུ་ལ་བསྟུན་ནས་དར་རྒྱས་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། འབྲི་ཆུའི་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་སྐྱེ་ཁམས་ཐད་ལའང་བློས་གཏོང་ཆེན་པོ་བྱས་ཡོད།
བཟོ་གྲྭའི་བཙོག་ཆུ་གང་སར་བཞུར་པ་དང་། གྲུ་ཁའི་བྱེ་ཟེགས་གང་སར་ཐོར་བ། ཆུ་སྤུས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བ་བཅས་རེད། འབྲི་ཆུའི་ཏུང་ཐིན་མཚེའུ་དང་པའོ་དབྱང་མཚེའུ་ལ་ཐན་སྐྱོན་ཡང་ཡང་བྱུང་ནས། 30%ཙམ་གྱི་གཙོ་གནད་མཚེའུ་མཛོད་དུ་འཚོ་བཅུད་མེད་པར་གྱུར་བ་དང་། འབྲི་ཆུའི་སྐྱེ་དངོས་ཀྱི་འཐུས་ཚང་རང་བཞིན་གྱི་སྟོན་གྲངས་ཆེས་ཞན་པར་གྱུར་ཏེ“ཉ་རིགས་མཐོང་རྒྱུ་མེད་པའི”རིམ་པར་སླེབས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་ལ“ནད་གཞི་ཕོག་པ་དང་། ནད་གཞི་ལྗིད་མོ་བྱུང་འདུག”ཅེས་ཐུགས་སེམས་རབ་ཏུ་སྐྱོ་བས་ངང་དེ་ལྟར་གསུང་།
2016ལོའི་ཟླ་དང་པོར། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཁྲུང་ཆིན་དུ་འཚོགས།
“འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་ཁེ་ཕན་ལ་བསམ་གཞིག་བྱེད་དགོས།” “འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཟིལ་གནོན་རང་བཞིན་གྱི་གནས་བབ་ཐོག་བཞག་ནས། ཐུན་མོང་གིས་སྲུང་སྐྱོང་ལ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱེད་མི་རུང”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྨོངས་མུན་གཉིད་ལས་གསལ་བར་བྱེད་ཐུབ།
མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་སྟོབས་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་རྐྱེན་ཟབ་པ་བཅས་སྔར་བྱུང་མ་མྱོང་བ་ཞིག་རེད།
རྫས་འགྱུར་བཟོ་ལས་ཁེ་ལས་སྟོང་ཕྲག་ཁ་ཤས་སྒོ་རྒྱག་པ་དང་། བཅོས་སྒྱུར། གནས་སྤོ། སྤོ་བསྒྱུར་བཅས་བྱེད་དུ་བཅུག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས། རྫས་འགྱུར་བཟོ་ལས་ཀྱི་སྦགས་བཙོག ཞིང་ལས་ཀྱི་གནས་ངེས་མེད་སྦགས་བཙོག་བྱེད་པ། གྲུ་གཟིངས་ཀྱི་སྦགས་བཙོག་སོགས་བཅོས་སྐྱོང་གི་ཞན་ཆ་མགྱོགས་མྱུར་གྱིས་གསབ་ཡོད།
ཐུགས་སུ་ནམ་ཡང་འབྲི་ཆུའི་འགྱུར་ལྡོག་བཅངས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང2018ལོའི་ཟླ4པར་སླར་ཡང་འབྲི་ཆུའི་སྟེང་ཕེབས་པ་དང་། དབྱི་ཁྲང་དང་ཅིང་ཀྲིག ཡའོ་ཡང་། ཝུའུ་ཧན་བཅས་ཀྱིས་ལམ་བར་དུ་གནས་ཚུལ་ཤེས་རྟོགས་བྱུང་ནས་སྔར་ལས་བཟང་བའི་ཐབས་ལམ་བཏོན་ཡོད།
“འབྲི་ཆུའི་ནད་ཇེ་ལེགས་སུ་གཏོང་བར་ཀྲུང་ལུགས་གསོ་རིག་གི་བྱ་ཐབས་ལ་བརྟེན་ནས་འབྱུང་རྩ་རྩད་གཅོད་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཡོངས་ཁྱབ་ཞིབ་བཤེར་ཆེན་མོ་བྱས་ནས་མི་མངོན་པའི་རྐྱེན་ངན་དང་ཉེན་ཁ་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ཏེ། མ་ཡུམ་གཙང་པོའི་གཟུགས་པོ་བརྟག་དཔྱད་ཤུགས་ཆེན་བྱེད་དགོས།
“ང་ཚོའི་མི་རབས་འདིའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་སྡུག་ཏུ་གཏན་ནས་གཏོང་མི་རུང་བར་ངེས་པར་དུ་ཕ་ཚ་བུ་རྒྱུད་ལ་དྭངས་གཙང་མཛེས་སྡུག་གི་ལེ་དབར་ཁྲི་ཡི་འབྲི་ཆུ་ཞིག་འཇོག་དགོས།”
གཙང་པོ་ཆེན་པོ་རྣམ་པ་གསར་པ་ཞིག་འཇོག་པའི་ཆེད་དུ་སེམས་པ་དང་བྱ་སྤྱོད་ནམ་ཡང་སྐྱེ་ཁམས་ཀྱི་སྟེང་དུ་བཅངས་དགོས།
2016ལོར་ཁྲུང་ཆིན་གྱི་སྟོད་རྒྱུད་དང་། 2018ལོར་ཝུའུ་ཧན་གྱི་བར་རྒྱུད། 2020ལོར་ནན་ཅིན་གྱི་སྨད་རྒྱུད་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་ཐེངས་མང་འཚོགས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཙང་པོ་ནམ་ཡང་དྭངས་གཙང་ཡིན་པ་ལྟ་སྲུང་བྱེད་དགོས་ཞེས་གསུངས།
མཛུབ་སྟོན་གལ་ཆེན་རེ་རེ་བཞིན་བརྟན་ཞིང་གསལ།
2016ལོར་མཚོ་སྔོན་དུ་ཕེབས་སྐབས། “ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང‘ཀྲུང་ཧྭའི་ཆུ་མཛོད་ལ’སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས”ཞེས་ནན་གསུང་གནང་པ་དང་། 2020ལོར་ཨན་ཧོས་རུ“སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་དང་སྐྱེ་ཁམས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས”ཞེས་ནན་གསུང་གནང་། 2021ལོར་ཀོས་ཀྲིག་ཏུ“མི་ཡིས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱས་ན། སྔོ་ལྗང་རི་ཆུས་མི་ལ་བདེ་སྐྱིད་བསྐྲུན་ངེས”ཞེས་བསླབ་བྱ་གནང་། 2022ལོར་སི་ཁྲོན་དུ“འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། དྭངས་གཙང་ཆུ་བོ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་མངགས་བཅོལ་གནང་། 2023ལོར་སླར་ཡང་སི་ཁྲོན་དུ་བསྐྱོད་དེ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་ཆེན་པོ་དེ་ཡག་པོ་བསྒྲུབ་དགོས”ཞེས་ནན་གསུང་གནང་།
བྱེད་ཐབས་ནུས་ལྡན་གཅིག་རྗེས་གཉིས་མཐུད་དུ་བཏོན།
རི་ཆུ་ནགས་དང་ཞིང་ལས། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཁག་ཅིག་ལག་བསྟར་བྱས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ། རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་བཏོན་པ་དང་། འབྲི་ཆུའི་ནང“ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ”ལག་བསྟར་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “འབྲི་ཆུའི་ནང་ཉ་འཛིན་མི་ཆོག་པ་ནི་དོན་ཆེན་ཞིག་ཡིན་ཞིང་། ཉ་པ་འབུམ་གསུམ་ལྷག་གི་འཚོ་བ་དང་འབྲེལ་བ་ཡོད་ལ། རིན་དོད་ཀྱང་ཆེན་པོ་གཏོང་དགོས་མོད། འོན་ཀྱང་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བསྡུར་ཚེ་རིན་ཐང་ལྡན་པ་ཞིག་རེད། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དེ་ང་ཚོའི་མི་རབས་འདིའི་ཁྲོད་དུ་མེད་པར་གཏོང་མི་རུང་།”
སྟོན་དུས་ཀྱི་ཧྲང་ཧའེ་ཁྲུང་མིན་གླིང་ཕྲན་ཏུང་ཐན་གྱི་བརླན་ས་རུ་གནམ་ས་གཞི་ཅིག་ཏུ་འདྲེས་པ་ལྟར་སྣང་ལ་དུས་བྱའང་ཁྱུ་དང་ཁྱུ་བྱས་ཡོད། དུས་བྱ་དེ་དག་གིས་བརླན་སར་གསོན་ཤུགས་ཚད་མེད་འཕེལ་ཡོད།
2007ལོར་ང་ཁྲུང་མིན་ལ་ཐེངས་གཅིག་འགྲོ་མྱོང་ལ། ད་ལྟའི་བར་ལོ་10འགོར་འདུག”ཅེས2017ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཁྲུང་མིན་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་གླིང་ཕྲན་བསྐྲུན་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏམ་བཤད་ཐོས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་ཕྱིར་དྲན་གནང་།
“ཁྲུང་མིན་གླིང་ཕྲན་ད་ལྟ་སྲུང་སྐྱོབ་རིམ་པ་གང་དུ་གནས་ཡོད་དམ།” “རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་ཚུད་ཡོད་དམ།” ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཐུགས་ཁུར་ཆེན་པོ་གནང་།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པར། ཁྲིམས་འགལ་ལྐོག་རྔོན་དང་ཐོན་ལས་ཀྱི་སྦགས་བཙོག་སོགས་ཀྱི་རྐྱེན་གྱིས་ཁྲུང་མིན་ཏུང་ཐན་གྱི་བྱ་རིགས་གནས་སྤོ་བྱས་པས“རྒྱལ་སྤྱིའི་སྣུམ་སྣོན་ས་ཚིགས”སྐབས་ཤིག་རིང་སྐྱེ་ཁམས་ཀྱི་ཉམས་ཉེན་ལ་འཕྲད་ཡོད། ཉེ་བའི་ལོ་འགའི་རིང་། ས་གནས་དེ་གས་སྦགས་བཙོག་ཁེ་ལས་ཆིག་སྟོང་ཙམ་སྔ་རྗེས་སུ་སྒོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་པ་དང་དུས་བྱའི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཡོད། ཁྲུང་མིན་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་རྒྱུན་མཐུད་ཇེ་མགྱོགས་སུ་ཕྱིན་ནས། 2023ལོར་རྒྱལ་ཡོངས་ཀྱི“འཆམ་མཐུན་མཛེས་སྡུག་གི་མཚོ་གླིང་དུ”བདམས་ཡོད།
ཁྲུང་མིན་གྱི་འགྱུར་ལྡོག་ནི་འབྲི་ཆུའི་སྐྱེ་ཁམས་བཅོས་སྐྱོང་ཕན་འབྲས་ཀྱི་བསྡུས་གཟུགས་ཤིག་རེད།
2020ལོ་ནས་བཟུང་། འབྲི་ཆུའི་གཞུང་རྒྱུན་གྱི་ཆུ་སྤུས་བསྟུད་མར་ལོ་གསུམ་གྱི་རིང་ལ་རིགསIIརྒྱུན་འཁྱོངས་བྱས། འབྲི་ཆུའི་ནང་གི་སྐྱེ་དངོས་ཐོན་ཁུངས་དང་སྣ་མང་རང་བཞིན་སླར་གསོ་ཡག་པོ་བྱུང་བ་དང་། མཚོ་ཕག་ཡང་མང་པོ་སླར་ཡང་མངོན་བཞིན་ཡོད། འབྲི་ཆུའི་ནང་ལོ་མང་བོར་ཡལ་བའི་ཉ་ཇེ་མང་དུ་གྱུར།
འབྲི་ཆུའི་འགག་གསུམ་སྡེ་ཚོགས་འབྲི་ཆུའི་རྩ་ཆེའི་རྩི་ཤིང་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཧོང་ཀོས་ཡུན་གྱིས་ད་བར་དུ་བརྗེད་པར་དཀའ་བ་ནི། 2018ལོའི་ཟླ4ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་འགག་གསུམ་ཆུ་རགས་གཡོན་མར་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁོ་མོ་དང་ལས་གྲོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་རྩ་ཆེའི་རྩི་ཤིང་སྲུང་སྐྱོབ་གནས་ཚུལ་སྙན་ཞུ་བྱས་པ་དེ་རེད།
“ཁྱེད་ཚོའི་བྱ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ལ། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་ཞིག་རེད།” སྤྱི་ཁྱབ་ཧྲུའུ་ཅིའི་ཁས་ལེན་ཐོབ་པས་འབྲི་ཆུའི་རྩ་ཆེའི་རྩི་ཤིང་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ལས་ཡུལ་དང་པོ་ནས་ལོ20ལྷག་ཙམ་རིང་བྱ་བ་སྒྲུབ་པའི་ཧོང་ཀོས་ཡུན་གྱི་སེམས་ནང་ཧ་ཅང་དགའ་པོ་བྱུང་།
ཧོང་ཀོས་ཡུན་གྱིས“ངས་སྤྱི་ཁྱབ་ཧྲུའུ་ཅིར‘ལོ་ལྔའི་འཆར་འགོད་བཅུ་གསུམ་པའི’དུས་མཇུག་ཏུ་སླེབས་སྐབས། ང་ཚོས་སྲུང་སྐྱོབ་བྱེད་པའི་རྩ་ཆེའི་ཐོན་ཁུངས་རང་བཞིན་གྱི་རྩི་ཤིང་སྣ་ཁ་སྟོང་གཅིག་ཟིན་རྒྱུ་ཡིན་པའི་ཁས་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་དང་། ད་ལྟ་གྲངས་ཀ་དེ་མངོན་འགྱུར་བྱུང་ནས་སྣ་ཁ1380དང་སྡོང་རྐང་ཁྲི་གཉིས་དང་སྟོང་དགུ་བརྒྱད་བརྒྱ་ཟིན་ཡོད།
གཡོན་ངོགས་རགས་ཀྱི་སྤང་ས་ཐོག་མ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཁེམ་བསྣམས་ནས་རྩ་ཆེའི་ཤིང་སྡོང་ཞིག་བཙུགས།
ད་ལྟ། ལྗོན་ཤིང་དེའི་རིང་ཚད་ལ་སྨི7ཙམ་ནས་སྨི10ཙམ་བར་ཟིན་གྱིན་ཡོད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་འབྲི་ཆུའི་ལྷོ་བྱང་དུ་རྩ་བ་བརྟན་པོ་ཚུགས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
(གཉིས།)ཀྲུང་གོའི་མངའ་ཁོངས་སུ། ཀྱག་ཀྱོག་གི་འབྲི་ཆུ་ནི་ཤར་ནུབ་འཕྲེད་དུ་བཅད་པའི་མདའ་ཐིག་ཞིག་གིས་ཀྲུང་ཧྭ་འཚེམ་དྲུབ་བྱས་པ་ལྟ་བུ་ཞིག་ཏུ་གྲུབ་ཡོད།
“འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རང་རྒྱལ་གྱི་སྐྱེ་ཁམས་སྔོན་ལ་ལག་བསྟར་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལྡན་གྱི་འཕར་རྩ་གཙོ་བོར་གྱུར་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག”བཅས་སུ་གྱུར་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་ངེས་གནས་ཀྱི་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་རྩོད་སྒྲུབ་རིག་པ་གང་ལེགས་མངོན་ཡོད།
“རྫས་འགྱུར་བཟོ་ལས་ཀྱིས་འབྲི་ཆུ་བསྐོར་བ”ནི་འབྲི་ཆུའི“གཅོང་ནད”ལྟ་བུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་དོན་འདི་ཐག་གཅོད་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད།
2018ལོའི་ཟླ4བའི་ཚེས26ཉིན། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངས་ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན་གསར་ཞིག་མཐོང་བྱུང་། འབྲི་ཆུའི་ཧྲི་ཧྲིག་མཚམས་ཀྱི་ལིན་ཅང་རྫས་འགྱུར་བཟོ་ལས་ཁེ་ལས་ཤིག་གི་ཐོན་ལས་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་ཨང་གསུམ་པར་སླེབས་ཡོད། དེ་ནི་ས་གནས་དེ་གའི་ཁྲལ་འཇལ་ཁྱིམ་ཆེན་ཞིག་ཡིན་ལ། སྦགས་བཙོག་གནད་དོན་ཚབས་ཆེན་གཏོང་བའི་ཁྱིམ་ཆེན་ཞིག་ཀྱང་ཡིན། སྦགས་བཙོག་གནད་དོན་ཚབས་ཆེ་བ་དེ་ལོ་མང་ལ་ཐག་གཅོད་བྱེད་དཀའ་བས་ཉེ་འགྲམ་གྱི་མང་ཚོགས་དཀའ་སྡུག་ཆེན་པོར་འཕྲད་ཡོད། ལོ་འདི་གཉིས་ཀྱི་རིང་ལ་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་གཟབ་ནན་སྒོས་ཞིབ་བཤེར་བྱས་པ་བརྒྱུད། སྒོར་བྱེ་བ་གཉིས་དང་ས་ཡ་བདུན་གྱི་འབྲི་ཆུའི་བཞུར་རྒྱུད་ཀྱི་ལོ་རྒྱུས་སྟེང་ཆེས་ཆེ་བའི་ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོས་ཡོད་པའི་ཆད་པ་བཅད་པ་དང་། ཁེ་ལས་རྡིབ་ལ་ཉེ་ནས་སྒོ་རྒྱག་རྩིས་བྱས་པ་དང་བཙོག་སྐྱོན་ཧ་ཅང་ཚབས་ཆེ་ལ། ཐོན་སྐྱེད་སྒྲུབ་རིམ་བསྒྱུར་བཀོད་བྱེད་དཀའ། མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས་ཆེས་སྔོན་ཐོན་གྱི་སྦགས་བཙོག་བཅོས་སྐྱོང་གི་སྒྲིག་ཆས་ཉོས་ན། ལོ་མང་པོའི་རིང་གི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་ཐུབ་པ་མ་ཟད། ཁེ་ལས་ཀྱིས་ཕྱོགས་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་ཡང་གཏོང་ཐུབ”ཅེས་གསུང་།
སྤྱི་ཁྱབ་ཧྲུའུ་ཅིས་གླེང་བའི་ཁེ་ལས་དེ་ནི་ཁྲུའུ་ཡོན་སྡེ་ཚོགས་རེད།
“རྩེར་སོན་གྱི་ཁོར་ཡུག་སྲུང་སྐྱོབ་ཁེ་ལས་འཛུགས་དགོས།” ད་ལྟ་ཁྲུའུ་ཡོན་སྡེ་ཚོགས་ཀྱི་རྫས་འགྱུར་བཟོ་ལས་གླིང་དུ། མངོན་གསལ་དོད་པའི་སྦྱར་ཡིག་ཞིག་གི་ཐོག་ནས་ཁེ་ལས་ཀྱི་ངེས་གནས་དང་དམིགས་འབེན་གསར་རྐྱང་ཞིག་མངོན་ཡོད།
འབྲི་ཆུའི་རྒྱུད་ཀྱི་སྤྱི་ལེ་གཅིག་ནང་གི་ཐོན་སྐྱེད་ཁུལ་དུ། མུ་མཐུད་དུ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་དྲུག་བཏང་ནས་ཁོར་ཡུག་སྲུང་སྐྱོབ་སྒྱུར་བཀོད་བྱས་པ་དང་། ཐོན་སྐྱེད་བཟོ་རྩལ་ཇེ་ལེགས་སུ་བཏང་བ། སྦགས་བཙོག་ཆེ་བ་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་ཐོན་སྐྱེད་འཁོར་ཁང་བཅུ་ལྷག་ཙམ་སྒོ་བརྒྱབ་པ། ཧུའུ་པེ་ཞིང་ཆེན་གྱི་སྐོར་དང་པོའི་རྒྱལ་ཡོངས་ཐཱན་ཉོ་ཚོང་ཚོད་ལྟའི་ཁེ་ལས་སུ་གྱུར་པ་དང་། དུས་མཚུངས་སུ་ལྗང་མདོག་ཐོན་རྫས་གསར་སྤེལ་བྱས་ནས་སྐྱེ་དངོས་སྨན་རྫས་དང་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་གསར་པའི་ཁྱབ་ཁོངས་སུ་སྐྱོད་པ་སོགས་ཀྱི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ་མགྱོགས་མྱུར་གཞན་སྒྱུར་བྱས་པས། ཁྲུའུ་ཡོན་སྡེ་ཚོགས་ལ་སླར་ཡང་གསོན་ཤུགས་གསར་པ་རྒྱས་ཡོད།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། འཕོ་འགྱུར་ཟབ་མོ་ཞིག་འབྲི་ཆུའི་རླབས་དང་བསྟུན་ནས་དྲག་ཏུ་འཕྱུར་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གནས་བབ་གསར་པའི་འོག འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་སྤྱི་ཡོངས་ལ་སྐུལ་འདེད་དང་། གཙོ་གནད་འགག་སྒྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཡོངས་འཆར་འགོད་དང་སྙིང་རུས་གཏན་འཁེལ། སྒུལ་ནུས་རྙིང་པ་མེད་པར་བཟོ་བ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། རང་ངོས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་དམ་འཛིན་ཡང་དག་བྱེད་དགོས།”
འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་འགག་རྩ་ནི་གསར་སྐྲུན་ལ་རག་ལས་ཡོད།
ཧི་ཧྥེའི་ཨན་ཧུའེ་གསར་སྐྲུན་ཁང་དུ་ལྟ་སྐོར་མཛད་སྐབས་གསར་སྐྲུན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། བརྙན་ལམ་ནས་ཀོས་ཀྲིག་གི“ཀྲུང་གོའི་གནམ་མིག”ལ་ལྟ་ཞིབ་བྱེད་པའི་ཡུལ་དངོས་སུ། རྒྱ་ཆེའི་ཚན་རྩལ་ལས་དོན་པར་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པའི་སྐུལ་ལྕག་བྱས་པ་དང་། ཝུའུ་ཧན་ཀོང་ཀུའུ་རུ་བསྐྱོད་དེ“ཚན་རྩལ་གྱི་སྲོག་རྩ་རང་གི་ལག་ཏུ་བཟུང་དགོས”ཞེས་མངགས་བཅོལ་གནང་བ་དང་། ནན་ཅིན་གྱི་ཙི་ཅིན་ཧྲན་ཚོད་ལྟ་ཁང་དུ་བདེན་འཚོལ་ཏན་ཏིག་གི་གསར་སྐྲུན་ལམ་བུའི་ཐོག་བསྐྱོད་དགོས་ཞེས་གསུང་།
གསར་སྐྲུན་གྱི་ཚ་རླབས་འཕྱུར་ནས་འབྲི་ཆུའི་འགྲམ་རྒྱུད་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མང་པོ་ཞིག་སྐྱོན་བྲལ་ངང་དར་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་འཕེལ་ཡོད།
“2013ལོའི་ཟླ7པའི་ཚེས21ཉིན་ནི་གཟའ་ཉི་མ་ཡིན་ལ། ཆར་འབྲིང་ཙམ་ནས་ཆེན་པོ་འབབ་བཞིན་ཡོད།” ལས་འཁྱུར་ངལ་གསོ་བྱས་ནས་ལོ་བཅུ་ཙམ་འགོར་ཡོད་པའི་ཀུའུ་ཆང་ཧྲིན་གྱིས་དེ་སྔའི་ཟིན་བྲིས་དེ་ད་ལྟའི་བར་ཉར་ཚགས་བྱས་ཡོད།
ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བུའུ་ཧན་ཞིན་ཀང་ཡཱང་ལོ་དོས་སྒམ་གྲུ་ཁའི་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲུ་ཁ་དེར་ཆར་བ་ཆེན་པོ་འབབ་ཀྱིན་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་དོར་མ་ཡར་བརྫེས་ནས། ཆར་གདུགས་བསྣམས་ཏེ་འགྲོ་ཞོར་དུ“ནང་ལོག་གི་གྲུ་ཁ་འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད། ཤར་ལྷོའི་མཚོ་རྒྱུད་དུ་དོས་སྒམ་མང་པོ་ཡོད་དམ”ཞེས་དྲིས།
“60%ནི་ཕྱི་ཕྱོགས་ཚོང་དོན་གྱི་སྒམ་ཡིན་པ་དང་། 40%ནི་ནང་ལོག་ཚོང་དོན་གྱི་སྒམ་ཡིན་པས། ནང་ལོག་གྲུ་ཁར་སྦས་ཤུགས་ཆེན་པོ་ལྡན་ཡོད”ཅེས་སྐབས་དེར་བུའུ་ཧན་ཞང་ཀང་ལས་དོན་ཚོགས་པའི་ལས་འཛིན་འགོ་གཙོ་ཀུའུ་ཆང་ཧྲིན་གྱིས་དེ་ལྟར་ལན་བཏབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་ལོག་གི་ཆུ་ལམ་གྱི་སྐྱེལ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཙང་པོ་དང་མཚོ་ཐོག་གི་མཉམ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་སུ་བཏང་སྟེ། རྒྱུག་ཁུལ་ཡོངས་ཀྱི་ཆུ་ལམ་ལེགས་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་།
སྤྱི་ཁྱབ་ཧྲུའུ་ཅིས་གསལ་སྟོན་གནང་བའི་ཁ་ཕྱོགས་ལ་གཞིགས་ན། ཡཱང་ལའོ་གྲུ་ཁར་ད་ལྟ་དོས་སྒམ་སྣ་ཚོགས་ཀྱི་མཁའ་ལམ20ལྷག་ཙམ་བཏོད་དེ། “མཁའ་ལམ་སྐྱེལ་འདྲེན་ཤར་ཕྱོགས་ནས་མཚོ་ཐོག་དང་དུས་གཏན་མེ་འཁོར་ནུབ་ཕྱོགས་ནས་ཡོ་རོབ་ཏུ་སྐྱོད་པ།” 2022ལོར་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་ཚད་ལས་བརྒལ་ཏེ་སྒམ་ས་ཡ་གཉིས་ལྷག་ཙམ་ཟིན་ཡོད།
ཁྲུང་ཆིན་ལིང་ཅཱང་ཁུལ་གསར་གྱི་ཀའོ་ཡོན་གྲུ་ཁ་དང་གཙང་པོའི་ངོགས་ཀྱི་ལམ་ཐིག་ཐོག་ཏུན5000རིམ་པའི་གྲུ་གཟིངས་འཇོག་ས16རིམ་པ་བཞིན་བསྒྲིགས་ཡོད་པ་དང་། སྨི་ངོས་སྙོམས་གྲུ་ས་ཡ་གཅིག་དང་འབུམ་གསུམ་གྱི་སྤུངས་རར་བྲེལ་འཚུབ་ཀྱིས་ཁེངས་ཡོད།
2016ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་རྟོག་ཞིབ་གནང་བར་ཕེབས་ནས། སྐམ་སའི་དབུས་ཁུལ་གྱི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་དང་འགག་སྒོའི་མཐོ་ས་བསྐྲུན་ཏེ། སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་མཐོ་ས་བསྐྲུན་དགོས་པའི་བླང་བྱ་བཏོན།
ལོ་འགའི་དུས་ཚོད་ནང་། སྲོལ་རྒྱུན་གྱི་ནང་ཁུལ་ཆུ་བོའི་གྲུ་ཁ་དེ“འཛམ་གླིང་གི་བར་བརྒྱུད་ས་ཚིགས”སུ་གྱུར་ནས། དངོས་ཟོག་ཤར་གཏོང་ཐུབ་པའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་གྲུ་ཁ300ལྷག་ཙམ་ཟིན་ནས། རང་རྒྱལ་ནུབ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་དང་འཛམ་གླིང་བར་གྱི་བར་ཐག་ཧ་ཅང་ཉེ་རུ་ཕྱིན་ཡོད།
དུས་རབས་གསར་པའི་ཀྲུང་གོ། དུས་རབས་གསར་པའི་འབྲི་ཆུ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་ཅན་གྱི་མཐོང་རྒྱའི་ཐོག་ནས་དུས་རབས་གསར་པའི་ལེ་དབར་ཁྲི་ཡི་འབྲི་ཆུའི་ས་བཀྲ་ཇུས་འགོད་གནང་།
ཤར་ཕྱོགས་སུ་སྒོ་མོ་འབྱེད་ཚད་གཏིང་ཟབ་ཏུ་གཏོང་བ་དང་། ནུབ་ཕྱོགས་སུ་སྒོ་མོ་འབྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྐམ་ས་དང་རྒྱ་མཚོ་གཅིག་གྱུར་ཐོག་སྒོ་མོ་འབྱེད་པ། མཐའ་རྒྱུད་དུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཤར་ནུབ་འཕྲེད་བཅད་དང་ལྷོ་བྱང་སྦྲེལ་མཐུད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བར་ཁྱམས་བསྐྲུན་ནས། སྒོ་འབྱེད་རྣམ་པའི་ཐོག་ནས་འཛམ་གླིང་ལ་འབྲེལ་འདྲིས་བྱེད།
2020ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིན་པོ་ཀྲིག་ཧྲན་གྲུ་ཁར་ཕེབས་ནས་ཁྲོན་ཧྲན་གྲུ་ཁའི་ས་ཁུལ་ལ་རྟོག་ཞིབ་གནང་བ་དང་། གྲུ་ཁའི་གནས་ཚུལ་དང་བསྐྱར་དུ་ལས་འགོ་ཚུགས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་།
གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྡུང་རྡེག་འོག འགྲོ་འོང་མང་བའི་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་ཡོད། ཅང་མ་འགོར་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་གལ་ཆེན་གསར་པ་བཏོན་པ་སྟེ། “རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།”
“ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་བྱེད་པ་དང་། འགྱུར་ལྡོག་ཁྲོད་རྣམ་པ་ གསར་པ་འབྱེད་དགོས།” འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་གྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་མཐོ་ས་གསར་པ་བསྐྲུན།
ཤར་རྒྱུད་དུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་བྱུང་། དབུས་རྒྱུད་དུ་འབྲི་ཆུའི་བར་རྒྱུད་ཀྱི་གྲོང་ཁྱེར་སྐོར་ཞིག་དར་རྒྱས་བྱུང་། ནུབ་རྒྱུད་དུ་ཁྲིན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དར་ཞིང་རྒྱས་པར་བརྟེན། འབྲི་ཆུའི་རྦ་རླབས་དང་ཀྲུང་གོའི་མཚོ་རླབས། འཛམ་གླིང་གི་མཚོ་རླབས་མཉམ་དུ་འདྲེས་ཤིང་། དུས་རབས་གསར་པའི་འབྲི་ཆུའི་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
(གསུམ།)དབྱར་དུས་སུ་མཐོ་སྒང་གི་ནམ་མཁའ་སྔོ་ཞིང་དྭངས་ལ། འབྲི་ཆུའི་མགོ་ཁུངས་སུ་རྩྭ་ཆུ་འཛོམས་པའི་དུས་ཚིགས་ཤིག་ཡིན།
གནས་སྤོའི་བཀོད་སྒྲིག་གིས་སྐྱེ་ཁམས་སླར་གསོ་བྱུང་དུ་བཅུག འབྲི་ཆུའི་ཆུ་འགོ་ཚུད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ། ལོ་མང་པོའི་རིང་རིམ་རྩིས་བྱས་ན་རོང་འབྲོག་པ་འབུམ་གཅིག་ལྷག་ཙམ་ས་ཆ་གཞན་དུ་གནས་སྤོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བདེ་སྡོད་ཀྱི་འཚོ་བ་རོལ་བཞིན་ཡོད།
“སྔོན་ཆད་རས་གུར་དུ་སྡོད་པ་དང་། སའི་སྟེང་དུ་ཉལ་བ། མར་སྒྲོན་བཀར་བ་བཅས་ཡིན་ལ། ད་ལྟ་སྡོད་ཁང་གསར་པར་སྡོད་པ་དང་། ཉལ་ཁྲིའི་ཐོག་ཏུ་ཉལ་བ། ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད་པ་སོགས་ཀྱི་འགྲུལ་ཁང་དཀར་གསལ་ལེ་མངོན་ཡོད། མཚོ་སྔོན་ན་གོར་མོ་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་སེང་གེ་ཡིས་ལོ་བདུན་སྔོན་གྱི་རྣམ་པ་ཕྱིར་དྲན་བྱེད་ཀྱིན་འདུག”
2016ལོའི་ཟླ8པའི་ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སེང་གེའི་ཁྱིམ་དུ་ཕེབས་ནས་ཁོ་ཚང་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། སེང་གེས་སྤྲོ་སེམས་འཁོལ་བའི་ངང་མཚོ་འཕང་སྨི4700ལྷག་ཙམ་ཡོད་པའི་དམར་ཆུ་ས་ཁུལ་ནས་ཁྱིམ་གཞིས་གསར་པར་གནས་སྤོས་རྗེས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་ངོ་སྤྲོད་བྱས།
“ཁྱོད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དུས་ནམ་ཡང་གནས་སྲིད”ཅེས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་གིས་ཁོའི་སེམས་ལ་སྔར་ལས་དྲོད་སྐྱིད་སྦྱིན།
མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་སེམས་ནང་གི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད།
ལེ་དབར་ཁྲི་ཡི་འབྲི་ཆུའི་ཐོག“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་ཐུབ་པ་བྱེད་པར་གཅིག་ཀྱང་ཇེ་ཉུང་དུ་གཏོང་མི་རུང་བའི”བདེན་དཔང་བྱས།
ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཞུས་ཅ་ཁྲུང་སྡེ་བ་འབྲི་ཆུའི་འགྲམ་དུ་གནས་པ་དང་། ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། དབྱར་ཁ་ཐོན་པ་ནས་བཟུང་། གནས་འདིར་ཡོད་པའི་ཁྱིམ་ཚང་མགྲོན་ཁང་གི་ཁང་བ་མངག་ཉོ་བྱེད་ཧ་ཅང་དཀའ།
“ལོ་ལྔའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཕེབས་མྱོང་།” སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཞེ་རུང་གིས2018ལོའི་དཔྱིད་ཀར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་སྡེ་བར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་བརྒྱུད་ནས་སྡེ་བར་སྐྱོད་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་དམངས་ཕན་གྱོན་གོས་འཁྲུ་སའི་སྡེ་མིའི་ཁྲོད་བསྐྱོད་དེ་དགའ་སྤྲོའི་ངང་ཚང་མ་དང་གླེང་མོལ་བྱས།
སྡེ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ལ་དེ་སྔོན་གཙང་འགྲམ་དུ་ལྭ་བ་བཀྲུ་བཞིན་ཡོད། ད་ལྟ་སྡེ་བའི་ནང་དུ་ལྭ་བ་བཀྲུ་སའི་རྫིང་བུ་བསྐྲུན་པ་དང་། རང་འབབ་ཆུ་བཀོལ་ཐུབ་པ་དང་བཙོག་ཆུ་གཅིག་སྡུད་གཙང་སེལ་བྱེད་ཀྱིན་ཡོད། དེ་ལྟར་བྱས་ཚེ་འཚོ་བའི་གོམས་གཤིས་ལ་ལྟ་རྟོག་ཐུབ་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ལ་ཡང་ཕན་པ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཡིས “འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་དམ”ཞེས་དྲིས་པར།
སྐྲ་ལོ་ཁ་བ་ལྟར་དཀར་པོའི་བགྲེས་པོ་ཞིག་དགོད་བཞིན“ཧ་ཅང་བཟང”ཟེར།
དགོད་སྒྲའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར“ཁྱེད་ཚོའི་འཚོ་བ་ཡག་པོ་འདུག་པ་མཐོང་བས་ང་རང་ཧ་ཅང་དགའ་པོ་འདུག”ཅེས་གསུངས།
“གྲོང་གསེབ་དར་སྤེལ་ཡོང་བ་བྱ་རྒྱུ་དེ་ནི་རང་དགར་བསྡད་ན་ཐོབ་པ་ཞིག་མ་ཡིན་ལ། རྒྱ་ཆེའི་ཞིང་པས་འབད་འཐབ་བྱེད་པར་བརྟེན་དགོས་པ་ཞིག་ཀྱང་རེད”ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཞུས་ཅ་ཁྲུང་སྡེ་བའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་འབད་འཐབ་བྱས་ཏེ། “གནས་སྤོས་སྡེ་བ”ནས“རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བར”གྱུར་བ་དང་། ལོ་རེར་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2018ལོ་ལས་སྒོར་ཁྲི་གཉིས་ཙམ་ཇེ་མང་དུ་ཕྱིན་ནས། སྡེ་མི་སྔར་ལས་མང་པོ་ཞིག་གིས་སྒོ་འགྲམ་དུ་ལས་ཞུགས་བྱེད་ཀྱིན་ཡོད།
ལེ་དབར་ཁྲི་ཡི་འབྲི་ཆུའི་ཐོག“མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ང་ཚོས་གང་ལའང་མི་འཛེམ་པའི”བདེན་དཔང་བྱས།
བརྗིད་ཆགས་པའི་ཆུ་མོ་སྔོ་ཞིང་དྭངས་ལ། འབྲི་ཆུའི་རླབས་སྒྲ་ལང་ལོང་དུ་འཕྱོ་བཞིན་འདུག 2020ལོ་ནས་བཟུང་། པྲོག་གསར་རིམས་ནད་གློ་བུར་དུ་བྱུང་པ་དང་བུའུ་ཧན་སྲུང་སྐྱོབ་དམག་འཐབ་རྒྱག་མགོ་བརྩམས།
“བུའུ་ཧན་པ་ཉ་གསོན་པོ་ཟ་རྒྱུར་དགའ་བས། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་མཁོ་འདོན་མང་ཙམ་བྱེད་དགོས།” རིམས་ནད་སྔོན་འགོག་གི་ཆེས་དཀའ་ཁག་ཆེ་བའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་བུའུ་ཧན་དུ་ཕེབས་ནས་སྡེ་ཁུལ་གྱི་གྲོང་མིར་གཟིགས་ཞིབ་གནང་བ་དང་། ཞིབ་ཚགས་པའི་སྒོ་ནས་མངགས་བཅོལ་གནང་སྟེ་མི་སེམས་ལ་དྲོད་སྐྱིད་སྦྱིན།
མི་དམངས་ཀྱི་བདེ་སྡུག་ཡོད་ཚད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བཟུང་ཡོད།
2020ལོར་ཆུ་ལོག་གི་གནོད་འཚེ་བྱུང་རྗེས། འབྲི་ཆུ་དང་ཧའེ་ཧི་ཆུ་བོ། ཁྲའོ་ཧུའུ་མཚེའུ་སོགས་སྐབས་ཤིག་རིང་ཉེན་ཟོན་ཆུ་ཁ་ལས་བརྒལ་ཡོད། ཚ་བ་རབ་ཏུ་ཆེ་བའི་ཉི་འོད་འོག་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕར་རྒྱུག་ཚུར་རྒྱུག་མཛད།
“ཐེངས་འདིར་ང་ཆེད་དུ་གནོད་ཁུལ་གྱི་ཡུལ་མི་ཚོར་ལྟ་རུ་ཡོང་བ་དང་། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གྱི་གནས་ཚུལ་ལ་བལྟ་རུ་ཡོང་བ་ཡིན”ཞེས་གསུངས།
རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བབ་ཆགས་པའི་སྐད་ཆ་ལས་མི་སེམས་ལ་དྲོད་སྐྱིད་སྦྱིན།“ཡུལ་མི་ཚོའི་ཐོན་སྐྱེད་དང་འཚོ་བར་དོན་འཁྱོལ་དང་རེ་བ་ཡོད་པ་མཐོང་སྐབས་ངའི་སེམས་བདེ་རུ་བབས་བྱུང”ཞེས་གསུངས།
ཁྲའོ་ཧུའུ་ཆུ་རགས་ཆེན་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཆུ་ལོག་འགོག་སྐབས་གྲོངས་པའི་བློ་མཐུན་ཁྲེན་ལུའུ་དང་། ཀན་ལེ། ཐེ་ཁེ་ཡན་བཅས་ཀྱི་ཁྱིམ་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ངང“ཁྱེད་ཚོའི་གཉེན་ཉེ་ནི་ང་ཚོའི་གཉེན་ཉེ་ཡང་ཡིན་ལ། མེས་རྒྱལ་དང་མི་དམངས་ཀྱི་གཉེན་ཉེ་ཡང་ཡིན། ཁོང་ཚོ་ནི་ང་ཚོའི་སེམས་ནང་གི་དཔའ་བོ་རེད། ཉེན་ཁར་འཕྲད་པའི་སྐབས་སུ་དཔའ་བོ་སྐོར་ཞིག་གིས་དཔའ་ངར་ཆེར་བསྐྱེད་བྱེད་བཞིན་ཡོད་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། ཁྱེད་ཚོས་བྱ་བ་དང་འཚོ་བ་བཀོད་སྒྲིག་ཡག་པོ་དང་། གཟུགས་གཞི་བདེ་ཐང་ཡོང་བར་བྱ་རྒྱུ་ནི་ཁོང་ཚོར་སེམས་གསོ་གཏོང་བའི་བྱེད་ཐབས་བཟང་བོ་ཞིག་རེད”ཅེས་གསུངས།
ལེ་དབར་ཁྲི་ཡི་འབྲི་ཆུའི་ཐོག“མང་ཚོགས་ཀྱི་བྱ་བ་ཆེ་ཆུང་ཚང་མ་ཡག་པོ་བསྒྲུབ་པ”བདེན་དཔང་བྱས།
ཟླ་འགའི་སྔོན་ལ། ཨན་ཧོས་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་དུ་ཁྲེན་ལན་ཞང་གི་ངལ་ནུས་ཀུང་སིས་སྒོར་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བཞི་ཟིན་པའི་བདེ་སྲུང་གཙང་སྦྲའི་ཞབས་ཞུའི་གན་རྒྱ་བཞག་པ་དང་། ལོ་སྟོད་ཁོ་ནར་ཀུང་སིའི་གན་རྒྱའི་དངུལ་འབོར་ན་ནིང་ལས་མང་བ་ཡོད། དེ་སྔོན་ཉ་པ་ཡིན་པའི་བུད་མེད་དེ་འཛུམ་དམུལ་དམུལ་བྱེད་ཀྱིན་ཡོད་ལ། ད་ལྟ་ཁོ་མོའི་འཚོ་བའི་ཁ་ཕྱོགས་གསར་པ་ཞིག་རྙེད་ཡོད།
2019ལོར། ས་གནས་དེ་གའི་འབྲི་ཆུའི་གཞུང་རྒྱུན་དང་ཡན་ལག་ཆུ་བོ་གལ་ཆེན་གྱི་ཉ་བར་ཐོན་སྐྱེད་གཞན་སྒྱུར་བྱེད་འགོ་བཙུགས་པ་རེད། ལོ20ལྷག་ཙམ་རིང“གཙང་པོར་བརྟེན་ནས་འཚོ་བ་རོལ་བཞིན་པའི”ཉ་བ་ཁྲི་སྟོང་མང་པོ་དང་མཉམ་དུ་ངོགས་སུ་བསྐྱོད་པ་རེད། མཚོ་འགྲམ་དུ་ཅི་ཞིག་ལས་དགོས་སམ། སྐབས་དེའི་མོ་ནི་རབ་རིབ་ཅིག་རེད།
2020ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་ཨན་ཧྲན་གྲོང་ཁྱེར་ཞའེ་ཅ་ཝར་རྟོག་ཞིབ་གནང་སྐབས། “འབྲི་ཆུའི་ཉ་འཛིན་མི་ཆོག་པ་ནི་ཉ་པའི་འཚོ་བར་ཁ་ཡ་མི་བྱེད་པ་ཞིག་མིན་ལ། འབྲེལ་ཡོད་བྱ་བ་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ནས། ལས་ཞུགས་ཐབས་ལམ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་མང་ཙམ་གསར་སྤེལ་བྱས་ཏེ། ཉ་པ་ཚོ་བརྟན་པོ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་།
དམངས་ཀྱིས་སེམས་ཁྲལ་བྱེད་སར་ངས་ངེས་པར་དུ་བསམ་བློ་གཏོང་དགོས། དམངས་ཀྱིས་རེ་སྒུག་བྱེད་ས་དེར་ངས་ངེས་པར་དུ་ལག་ལེན་བསྟར་དགོས།
མི་དམངས་ཀྱི་བསམ་འདུན་སྤྱི་ཁྱབ་ཧྲུའུ་ཅིས་སེམས་ལ་བརྟན་པོར་ངེས་ནས། “འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་ནི་དུས་རབས་གསར་པས་ང་ཚོར་སྤྲད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་ཞིག་ཀྱང་རེད”ཅེས་གསུངས།
ལོ་ངོ་བདུན་ཅུ་ལྷག་གི་ཡར་སྔོན་དུ། བཅིངས་འགྲོལ་དམག་འཁྲུག་གི་གཡུལ་འགྱེད་ཆེན་པོ་མཐའ་མ་དེ་འབྲི་ཆུའི་འགྲམ་དུ་བྱས་པ་རེད། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་འོག མི་དམངས་བཅིངས་འགྲོལ་དམག་གིས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་དཀའ་སྤྱད་གཉེར་སྐྱོང་བྱས་པའི་འབྲི་ཆུའི་འགོག་སྲུང་འཛིང་རགས་གཏོར་བ་རེད།
2020ལོའི་ཟླ8པར། ཨན་ཧོས་ཧི་ཧྥེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏུའུ་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་ནས། “ཀྲུང་ཧྲན་གྱི་ཆར་རླུང་ཁྲོད་སྐྱ་སེར་དུ་གྱུར། ཁྲི་བརྒྱ་ཡི་དཔའ་བོའི་དཔུང་སྡེས་ཆུ་ཆེན་སྒྲོལ་བའི”དམག་འཁྲུག་གི་ལོ་ཟླར་བསྐྱར་དྲན་གནང་བ་རེད།
“ཧོ་ཧའེ་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མང་ཚོགས་ཚོས་ལག་འབུད་འཁོར་ལོ་སྤྱད་ནས་ཐོབ་པ་ཞིག་ཡིན་པ་དང་། གཙང་པོ་སྒྲོལ་སའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ནི་མང་ཚོགས་ཚོས་གྲུ་ཆུང་སྤྱད་ནས་ཐོབ་པ་ཞིག་རེད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་ཤིང་། ཚང་མས་མི་དམངས་ཀྱི་རྩ་བ་དེ་བརྗེད་མི་རུང་བར་ནམ་ཡང་བློ་དཀར་སེམས་དཀར་གྱི་མི་དམངས་ཞབས་ཞུ་པ་ཞིག་བྱེད་དགོས།
འབྲི་ཆུའི་གླུ་ནི་མི་དམངས་ཀྱིས་བརྩམས་པ་དང་མི་དམངས་ཀྱི་ཆེད་དུ་ལེན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔ་བརྩེ་སེམས་ཟབ་མོས“འབྲི་ཆུ་ལ་གཅེས་སྐྱོང་དང་འབྲི་ཆུར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས། ‘མི་དམངས་ཀྱིས་འབྲི་ཆུ་ལ་སྲུང་སྐྱོབ་དང་། འབྲི་ཆུ་ཡིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ’ཞེས་པའི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཡོང་བ་བྱས་ཏེ། ‘གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བའི’མཛེས་ལྗོངས་སྔ་མོ་ནས་མངོན་དུ་འགྱུར་བ་བྱེད་དགོས”ཞེས་གསུངས།
(བཞི།)རིག་གནས་ཆུ་དང་འདྲ། ཆུ་དང་རྩྭ་ཡང་རིག་གནས་ཡིན།
“འབྲི་ཆུས་སི་ཁྲོན་གྱི་རི་ཆུ་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ལོ་ངོ་སྟོང་གི་རིག་གནས་འབྲེལ་བ་བཏོད་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་དཔལ་ཡོན་གྱི་མཚོན་བྱེད་རང་བཞིན་གྱི་མཚོན་རྟགས་ཤིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་རེད”ཅེས་གསུངས།
“འབྲི་ཆུའི་རིག་གནས་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱས་ནས། ལོ་རྒྱུས་ཀྱི་རིག་གནས་འབྲེལ་བ་རྒྱུན་མཐུད་དང་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་དགོས།”
ཐེངས་རེ་རེ་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་ལ་གཟིགས་ནས་འབྲི་ཆུ་ལ་བསམ་གཞིག་གནང་བ་དང་། བརྩེ་སེམས་བཅངས་ནས་འབྲི་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
ལོ་ངོ20ཡི་བར་ཐག་ཡོད་པའི་འཚམས་འདྲི་ཐེངས་གཉིས་ལ་བག་ཆགས་ཟབ་མོ་བཞག་ཡོད།
2003ལོའི་ཟླ7པར། སྐབས་དེ་དུས་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་ལེང་ཀྲུའུ་རྗེས་ཤུལ་དུ་བརྟག་ཞིབ་བྱེད་པར་ཕེབས་ནས། “ལེང་ཀྲུའུ་རྗེས་ཤུལ་ནི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལོ་རྒྱུས་ཀྱི་གནས་མཆོག་དང་། རྙེད་དཀའ་བའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་ང་ཚོས་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
འབྲི་ཆུའི་འབབ་རྒྱུད་ཀྱིས་ཀྲུང་གོའི་དཔལ་ཡོན་འབྱུང་ཁུངས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ར་སྤྲོད་བྱས་པ་དང་། ལེང་ཀྲུའུ་གནའ་གྲོང་གི་རྗེས་ཤུལ་དེ2019ལོར་འཛམ་གླིང་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད།
2023ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ཀོང་ཧན་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་སན་ཞིན་ཏོས་རྟེན་རྫས་བཤམས་མཛོད་ཁང་གསར་པ་བསྐྲུན་ནས་བེད་སྤྱོད་བཏང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
རྟེན་རྫས་ཁང་གི་དངོས་རྫས་རེ་རེ་ནི་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་དཔལ་ཡོན་ནས་བྱུང་བ་ཞིག་ཡིན་པས། མི་རྣམས་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ལ་དྲན་གསོ་བྱེད་ཐུབ།
“དེ་ལ་བལྟས་རྗེས་མི་རིགས་ཀྱི་སྤོབས་སེམས་ལྡབ་འཕར་དང་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་དཔལ་ཡོན་ལ་གཟིགས་མྱོང་ཡོད་ལ། དེ་བས་རིང་བའི་ཀྲུང་ཧྭའི་དཔལ་ཡོན་ཤེས་རྟོགས་དང་སྔོག་འདོན་བྱ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་གསུངས།
འབྲི་ཆུའི་ནི་ཇི་སྲིད་བར་དུ་གནས་ངེས་ལ། ལོ་ངོ་སྟོང་གི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་མི་ཆད། འབྲི་ཆུའི་རིག་གནས་ལོ་རྒྱུས་ནང་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་གཞི་རྒྱུ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་དྲན་འཆར་ཡང་ཡོད་པས། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་ཡིན།
སུའུ་ཀྲིག་གནའ་གྲོང་དུ་གནས་པའི་ཕིན་ཅང་ལོ་རྒྱུས་རིག་གནས་སྲང་ལམ་ལ་ད་བར་དུ་ལོ་ངོ2500ལྷག་ཙམ་གྱི་ལོ་རྒྱུས་ལྡན། 2023ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་སུའུ་ཀྲིག་གཙག་དྲུབ་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལུའུ་ཅན་ཡུན་དང་མཇལ་འཕྲད་གནང་། རྨོ་བོ་དང་ཨ་མ། ཁོ་མོ། བུ་མོ་བཅས་ཀྱིས་སུའུ་ཀྲིག་གཙག་དྲུབ་གཙགས་པ་དང་། ལག་རྩལ་དེ་ཁྱིམ་ཚང་དེའི་མི་རབས་བཞི་ཡིས་རྒྱུན་འཛིན་བྱས་ཡོད།
ལུའུ་ཅན་ཡུན་གྱིས་གཙག་དྲུབ་ལ་ཞིབ་འཇུག་དང་ལག་བསྟར་བྱས་ནས་ལོ30ལྷག་ཙམ་འགོར་ཡོད། ཁབ་ཀྱི་ལག་རྩལ་ལས“ཞི་བདེ་བྱ”ཞེས་པའི་རི་མོ་དེ་གསོན་ཉམས་དོད་པའི་སྒོ་ནས་མཐོང་ཐུབ།
“བརྩམས་ཆོས་འདི་ལྟ་བུ་ཞིག་ལ་དུས་ཡུན་ག་ཚོད་འགོར་རམ” ཞེས་སྤྱི་ཁྱབ་ཧྲུའུ་ཅིས་དྲིས་པར།
“ལ་ལར་ལོ་གཅིག་དགོས”ཞེས་ལུའུ་ཅན་ཡུན་གྱིས་དེ་ལྟར་ལན་བཏབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་། དེ་ལས་མངོན་པའི་མཉེན་ཤུགས་དང་། ངང་རྒྱུད་རིང་བ། བརྟན་ཤུགས་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཆ་ཤས་ཤིག་རེད།
ལོ་གཉིས་ལྷག་ཙམ་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ནན་ཅིན་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་སྐབས། “འབྲི་ཆུའི་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། འབྲི་ཆུའི་རིག་གནས་ཀྱི་ནང་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འབྲི་ཆུའི་ལོ་རྒྱུས་རིག་གནས་དང་། རི་ཆུའི་རིག་གནས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་བཅས་མཉམ་འདྲེས་བྱས་ནས་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ‘སྒྱུར་བཀོད་ཆུང་ངུའི’འབད་བརྩོན་མང་པོར’བརྟེན་ནས་ལོ་རྒྱུས་རིག་གནས་སྲང་ལམ་ཉམས་གསོ་བྱེད་དགོས”ཞེས་གསུངས།
ཁྲུང་ཆིང་ཧྥིན་ཅེ་ཞེས་པའི་དུས་ཆེན་དུ་མི་རབས་ནས་མི་རབས་བར་གྱི་རིག་རྩལ་མཁས་ཅན་གྱིས་དེར་ཉམས་མེད་ཀྱི་སྙན་ངག་བྲིས་ཡོད། ད་ལྟ་ས་གནས་དེ་གས་སྙན་ཚིག་རིག་གནས་ཀྱི་མིང་གྲགས་ཧུར་ཐག་གིས་བཏོད་ནས། ལོ་ངོ་སྟོང་གི“སྙན་ངག་གྲོང་ཁྱེར”གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
ཨན་ཧོས་ཨན་ཆིང་གི་ཀུའུ་ཝན་རིག་གནས། ཟློས་གར་རིག་གནས། ཐུང་ཁྲིན་ཤོག་ཁག་གི་རིག་གནས་བཅས་ཀྱི་འོད་མདངས་རྣམ་པར་འཕྲོ་བ་དང་། ས་གནས་དེ་གས་བྱ་ཐབས་བཏོན་ནས་ཆེད་དོན་ལམ་ལུགས་བཟོས་ཏེ། ཉམས་གསོ་དང་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་རྫས་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རིག་གནས་སྲང་ལམ་ཡུག་སྦྲེལ་སྲུང་སྐྱོབ་རང་བཞིན་གྱི་བེད་སྤྱོད་བྱས།
2021ལོའི་ལོ་མཇུག་ཏུ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། 2023ལོའི་ཟླ7པར། 《འབྲི་ཆུའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གྱི་འཆར་འགོད》ཁྱབ་བསྒྲགས་བྱས་པ་དང་། དེ་ལ་དོ་ཁུར་ཆེན་པོ་བྱེད་པ་ནི་བྱེད་ཐབས་ཏན་ཏིག་ཅིག་ཏུ་གྱུར་ནས་འབྲི་ཆུའི་རིག་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
མའོ་ལིན་ཞིག་ཀྲུའུ་དང་། ཀུའུ་ཅིན་ཀོས་ཧྲུའུ། ཞའོ་མུའུ་མཆོད་ཁང་སོགས་སི་ཁྲོན་མེ་ཧྲན་གྱི་སུའུ་གསུམ་མཆོད་ཁང་སྟེ་སུང་བྱང་མའི་རྩོམ་རིག་མཁས་ཅན་སུའུ་ཞུན་དང་། སུའུ་ཧྲི། སུའུ་ཁྲི་བཅས་ཀྱི་བཞུགས་གནས་རྙིང་པས་ལོ་ངོ་སྟོང་རིང་གི་རིག་གནས་བསམ་བློ་དང་། ཁྱིམ་ཚང་གི་བརྩེ་སེམས། ཀྲུང་ཧྭའི་རིག་གནས་བཅས་མཚོན་གྱིན་ཡོད།
2022ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས་ཁང་བའི་ནང་གི་འཛུགས་སྐྲུན་དངོས་རྫས་དང་། སྒྲིག་ཆས་ཆ་ཚང་། ཆ་ཡིག་སོགས་ལ་གཟིགས་ཞིབ་གནང་བ་མ་ཟད། སུའུ་གསུམ་གྱི་སྐུ་ཚེ་ཧྲིལ་པོ་དང་། རྩོམ་རིག་གི་གྲུབ་འབྲས་གཙོ་བོ། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་དང་དེ་མིན་སུའུ་གསུམ་མཆོད་ཁང་གི་ལོ་རྒྱུས་འཕེལ་རིམ་དང་ཏུང་ཕོ་རིག་གནས་ཞིབ་འཇུག་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་།
“ཆུ་ཐིགས་གཅིག་ལས་ཉི་འོད་མཐོང་ཐུབ། སུའུ་གསུམ་མཆོད་ཁང་གཅིག་གིས་ང་ཚོའི་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་མཐོང་ཐུབ།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་དང་བསམ་གཞིག་བསྡུ་ལེན་བྱེད་མཁས་པོ་བྱེད་དགོས་པའི་ནན་བཤད་གནང་།
གནའ་བོ་ནས་དེང་གི་དུས་འདིར། བབ་བསྟུན་མདུན་སྐྱོད་ནི་འབྲི་ཆུའི་གཤིས་རྒྱུད་ཡིན།
འབྲི་ཆུའི་སྟོད་སྨད་ལ་གཟིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་མགོ་མཇུག་གསལ་པོ་བསྟན་དོན། “ལོ་ངོ་སྟོང་ཕྲག་རིང་འབྲི་ཆུའི་འབབ་རྒྱུད་ཀྱིས་ཆུ་འབྲེལ་ཐག་ཏུ་བྱས་ཏེ། སྟོད་རྒྱུད་དང་སྨད་རྒྱུད། ངོགས་གཉིས། བཞུར་རྒྱུན་བཅས་འབྲེལ་མཐུད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་ཆེན་པོ་ཞིག་ཆགས་པ་དང་། ད་ལྟ་སྔར་བཞིན་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་རེད”ཅེས་གསུངས།
ལང་ལོང་རྒྱ་མཚོའི་ཕྱོགས་སུ་རྒྱུགས། སྒོ་འབྱེད་ཁོང་ཡངས་ནི་འབྲི་ཆུའི་བློ་རྒྱ་ཡིན།
འབྲི་ཆུ་མཚོ་ནང་དུ་བཞུར་སའི་ཧྲང་ཧའེ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྲང་ཧའེ་ཡིས་འབྲི་ཆུའི་ཆུ་དང་། ཞི་བདེ་རྒྱ་མཚོ་ཆེན་མོ། དུས་ཡུན་རིང་པོའི་ནང་ཀྲུང་གོའི་སྒོ་འབྱེད་ཉམས་འགྱུར་སྔོན་ལ་གཏོད།”“ངས་ཧྲང་ཧའེ་རུ་བྱ་བ་སྒྲུབ་མྱོང་། སྒོ་མོ་འབྱེད་རྒྱུ་དེ་ཧྲང་ཧའེ་དང་ཧྲང་ཧའེ་ཡིས་སྒོ་ཕྱེ་རྗེས་ཀྲུང་གོའི་གལ་ཆེའི་རང་བཞིན་མྱོང་ཚོར་གང་ལེགས་ཐུབ་བྱུང”ཞེས་རྒྱས་བཤད་གཏིང་ཟབ་གནང་།
འབྲི་ཆུའི་འགག་གསུམ་བཟོ་གྲྭ་ནས་ལྷོ་ཆུ་བྱང་འདྲེན་བར་དང་། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་ནས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་བར། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དང་སྤྱི་འདོམས་འབྲེལ་མཐུད་བྱེད་པའི་བར་སོགས། ལས་འགན་གསར་པ་ཕྲག་ཏུ་བླངས་ནས་འབྲི་ཆུའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད།
“ཁྱེད་ཀྱིས་དྭངས་གཙང་གི་ཆུ་བོ་དང་མེ་ཏོག་གི་རྒྱལ་ཁབ་ལ་ཆུ་འདྲེན་དགོས། ཁྱེད་ཀྱིས་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པར་སྐུལ་འདེད་གཏོང་དགོས།” 《འབྲི་ཆུའི་གླུ་དབྱངས》ཞེས་པའི་གཞས་དེ་འབྲི་ཆུའི་ཆུ་དང་མཉམ་དུ་མ་འོངས་པའི་ཕྱོགས་སུ་གཏོང་བཞིན་འདུག
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་མདུན་སྐྱོད་བྱས་ནས། དུས་རབས་གསར་པའི་འབྲི་ཆུས་ཚ་ཚ་འུར་འུར་གྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།