སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་སྟོབས་ལྡན་ཁུལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པ་དང་ཡུས་ཧྲུའུ་གསར་པ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ། སྐྱོད་ལམ་གསར་པའི་སྟེང་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་བཅས་གཏོང་ཆེད། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ནས་ཡུས་ཧྲུའུ་ཁུལ་གྱིས་ཞིང་ཕྱུགས་གཉིས་ལ་ཕན་པའི་སྲིད་ཇུས་ཁག་བཅུ་བཏོན་པ་རེད། སྲིད་ཇུས་གསར་པའི་ནང་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བ་སོགས་ཚུད་ཡོད། དེའི་དམིགས་ཡུལ་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་ལས་ཐོན་ལས་འབྲེལ་ཐག་ཐུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཙོ་འདོན་ཁུལ་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་རེད།
སྒྲིག་སྦྱོར་རྣམ་པའི་ཕྱུགས་སྤྱོད་དྲོད་ཁང་འཛུགས་སྐྲུན་ལས་གཞིའི་ཁ་གསབ་མ་དངུལ་ཐད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་པ་ལས་གཞན། ཁུལ་རིམ་པའི་ནོར་སྲིད་ཀྱི་ཞིང་ལས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་འབུམ་གཅིག་བཀོད་སྒྲིག་བྱས་ནས་སྒྲིག་སྦྱོར་རྣམ་པའི་ཕྱུགས་སྤྱོད་དྲོད་ཁང་སྨི་གྲུ་བཞི་མ་རེར་ཁ་གསབ་སྒོར100སྤྲོད་པ་དང་། 2023ལོར་ཁ་གསབ་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི་གཉིས་སྟོང་གཅིག་བར་ཚོད་འཛིན་བྱེད་པ། གྲོང་ཁྱེར(རྫོང)རིམ་པའི་ནོར་ཤུགས་ལ་གཞིགས་ནས་སྨི་གྲུ་བཞི་མ་རེར་སྒོར100ནས་སྒོར200བར་གྱི་ཚད་གཞི་ལྟར་ཁ་གསབ་བྱེད་པ། མ་དངུལ་ལྷག་མ་རྣམས་དཔེ་སྟོན་རྟེན་གཞི་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར་དང་གསོ་སྤེལ་ར་བ་ཆེ་གྲས་བཅས་ཀྱིས་རང་གྲབས་བྱས་ནས་ཐག་གཅོད་བྱ་རྒྱུ་རེད།
གཟན་རྩྭ་གཏོང་འདྲེན་གྱི་ཁ་གསབ་ཐད། དམིགས་ཚད་ལོན་པའི་གཟན་རྩྭ་གཏོང་འདྲེན་གྱི་ཁ་གསབ་དེ་ཏུན་རེར་ཞིང་ཆེན་རིམ་པའི་ཁ་གསབ་སྒོར180དང་ཁུལ་རིམ་པའི་ཁ་གསབ་སྒོར120སྤྲོད་པ་དང་། རྫོང་རིམ་པའི་ནོར་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གཟན་རྩྭ་དང་གཟན་ཆས་ཉོ་སྒྲུབ་རིན་གོང་གི5%ནས20%བར་གྱི་ཚད་གཞི་ལྟར་ཁ་གསབ་བྱེད་པ་དང་། ཁེ་ལས་ཀྱི་ཁེ་སྤོགས3%བརྩོན་ལེན་ཧུར་ཐག་བྱས་ནས་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ཐུབ་བྱེད་དུ་འཇུག་རྒྱུ་རེད།
ཕྱུགས་ཟོག་རྒྱུད་བཟང་གི་ཁ་གསབ་ཐད། གཅིག་ནས་མཐོ་སྒང་ནོར་ནག་གི་རྒྱུད་བཟང་གསོ་སྤེལ་གྱི་ཁ་གསབ་སྟེ། ཚད་གཞི་ལོན་པའི་མཐོ་སྒང་གི་རྒྱུད་བཟང་ནོར་ནག་ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར2000ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར500སྤྲོད་པ་དང་། དམིགས་ཚད་ལོན་པའི་སྤུས་ལེགས་ཀྱི་བོད་ལུག་ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར800ལོངས་སུ་སྤྱོད་པའི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཁ་གསབ་ཚད་གཞི་ལྟར་མི་རེར་སྒོར200རེ་སྟེར་རྒྱུ་རེད། རྒྱུད་བཟང་གསོ་སྤེལ་ཐད། གཅིག་ནས་མཐོ་སྒང་ནོར་ནག་ནང་འདྲེན་གྱི་ཁ་གསབ་སྟེ། རྣམ་གྲངས་སྡེ་བ་དང་རྣམ་གྲངས་ཁྱིམ་ཚང་གིས་མཐོ་སྒང་ནོར་ནག་རིགས་བསྡུ་སྐབས། དེ་སྔའི་རང་གྲབས་ཕྱུགས་ཟོག་རེར་སྒོར3500ནས་ཕྱུགས་ཟོག་རེར་སྒོར3000བར་ཇེ་དམའ་རུ་གཏོང་བ་དང་། མི་འདང་བའི་ཆ་དེ་རྫོང་རིམ་པའི་ཞིང་ལས་རོགས་སྐྱོར་མ་དངུལ་ནས་སྒོར500ཁ་གསབ་བྱས་ཏེ་མང་ཚོགས་ཀྱི་རང་གྲབས་གནོན་ཤུགས་ཇེ་ཆུང་དུ་གཏོང་རོགས་བྱེད་རྒྱུ་རེད། གཉིས་ནས་རྒྱུད་བཟང་བོད་ལུག་ནང་འདྲེན་བྱེད་པའི་ཁ་གསབ་ཐད། རྣམ་གྲངས་སྡེ་བ་དང་རྣམ་གྲངས་ཁྱིམ་ཚང་གིས་མཐོ་སྒང་བོད་ལུག་རིགས་བསྡུ་སྐབས། སྒོར700ཡི་རང་གྲབས་ཚད་གཞི་དེ་སྒོར500རུ་ཇེ་དམར་གཏོང་བ་དང་མི་འདང་བའི་ཆ་དེ་རྫོང་རིམ་པའི་ཞིང་ལས་རོགས་སྐྱོར་མ་དངུལ་ནས་སྒོར200ཡི་ཁ་གསབ་བྱེད་རྒྱུ་ཡིན་པ་རེད།
ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཞིང་ལས་ལ་ཤུགས་སྣོན་བྱེད་རྒྱུ་སྟེ། “ཡུས་ཧྲུའུ་ཡི་ནོར་ནག”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བེད་སྤྱོད་དབང་ཆ་སྤྲད་པའི་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་ཀྱིས་དབང་ཆ་སྤྲད་པའི་ཐོན་རྫས་དང་དེའི་ཐུམ་སྒྲིལ་སྟེང་། “ཡུས་ཧྲུའུ་ཡི་ནོར་ནག”ཞེས་པའི་སྤུས་རྟགས་སྤྱོད་པ་དང་། དམིགས་བསལ་གྱིས་སྔོན་ལ་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར། ཚོང་རྟགས་གྲགས་ཅན་དྲིལ་སྒྲོག་ཁྱབ་གདལ། ཐབས་ལམ་མ་ལག་འཛུགས་སྐྲུན་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་རྒྱུ་ཡིན་པ་དང་། ཡུས་ཧྲུའུ་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས6ལ་དམིགས་ནས་དངོས་རྫས་ཀྱི་ངོ་བོ་དང་ཕྱི་ཚུལ། སྤུས་ཀ གནམ་གཤིས་ཀྱི་རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་དབྱེ་ཞིབ་བྱེད་པའི་གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ཚན་རྩལ་ཆེད་མངགས་ཚོགས་པ་དང་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་ཀྱིས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ལ་དམིགས་ནས་སྤུས་ཚད་མཐོ་བའི་ཚན་རྩལ་ཞབས་ཞུ་སྤེལ་བར་སྐུལ་མ་བཏང་སྟེ། ལོ་རེར་ཚོགས་པ6བདམས་ནས་ཁུལ་རིམ་པའི་ཚན་རྩལ་ཆེད་དོན་མ་དངུལ་སྒོར་ཁྲི5རེ་སྤྲད་ནས། ཚན་རྩལ་ཞབས་ཞུའི་ཆུ་ཚད་མཐོ་བ་དང་ཚན་རྩལ་ལ་བརྟེན་ནས་ཕན་འབྲས་ཆེན་པོ་ཐོན་པར་འགན་ལེན་བྱེད་རྒྱུ་རེད།
ཟླ་རེར་ཕྱུགས་ཟོག་ཕྱིར་གཏོང་ཚད་ཇེ་མང་དུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། ནོར་ནག་ཕྱིར་གཏོང་ཚད་ཇེ་མང་དུ་གཏོང་བའི་ཁ་གསབ་ཚད་གཞི་ནི་སྒོར800ཡིན་ཞིང་། དེའི་ཁྲོད་ཞིང་ཆེན་རིམ་པའི་ནོར་ནག་རེར་སྒོར650དང་། ཁུལ་རིམ་པའི་ནོར་ནག་རེར་སྒོར80། རྫོང(གྲོང་ཁྱེར)རིམ་པའི་ཁ་གསབ་སྒོར160བཅས་ཡིན་པ་དང་། ནོར་ནག་ཕྱིར་གཏོང་ཁ་གསབ་བྱ་དགའི་ཚད་གཞི་ནི་སྒོར600ཡིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་སྒོར420དང་། ཁུལ་རིམ་པའི་སྒོར60། རྫོང(གྲོང་ཁྱེར)རིམ་པའི་སྒོར120བཅས་ཡིན་ཞིང་། བོད་ལུག་ཕྱིར་གཏོང་ཚད་ཀྱི་ཁ་གསབ་ཚད་གཞི་ནི་མི་རེར་སྒོར180ཡིན་ཞིང་། དེའི་ཁྲོད་ཞིང་ཆེན་རིམ་པའི་ སྒོར126དང་། ཁུལ་རིམ་པའི་སྒོར18། རྫོང་རིམ་པའི་སྒོར36བཅས་ཡིན་པ་དང་། མ་མོ་ཕྱིར་གཏོང་ཁ་གསབ་བྱ་དགའི་ཚད་གཞི་ནི་མི་རེར་སྒོར140ཡིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་སྒོར98དང་། ཁུལ་རིམ་པའི་སྒོར14། རྫོང་རིམ་པའི་སྒོར28བཅས་ཡིན་པ་རེད།
ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་བྱ་དགའི་ཐད། ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་བཅད་གྲངས་ཁ་གསབ་ཀྱི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱི་ཚོད་རྩིས་རིན་གོང་ལྟར་སླར་ཡང8%ཀྱི་མ་ལག་ཚང་བའི་ཁ་གསབ་སྤྲོད་པ་དང་གྲོང་ཁྱེར་དང་རྫོང་སོ་སོའི་ནོར་སྲིད་ཀྱིས་མ་ལག་ཚང་བའི་ཁ་གསབ12%སྤྲོད་པ། མཚོ་སྔོན་ཞིང་ཆེན་གྱི་ཁ་གསབ་ཁྱབ་ཁོངས་ཁྲོད་མེད་ཀྱང་ཡུས་ཧྲུའུ་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་མཁོ་བའི་འཕྲུལ་ཆས་དང་ས་ཁོངས་ཆུང་གྲས་ཀྱི་སྤྱོད་གོ་ཆོད་པའི་འཕྲུལ་ཆས་རིགས་གྲོང་ཁྱེར(རྫོང)རིམ་པའི་དཔྱད་དཔོག་བྱས་རྗེས། ཁུལ་དང་གྲོང་ཁྱེར(རྫོང)རིམ་པའི་མ་དངུལ་ཁ་གསབ་ཁྱབ་ཁོངས་ནང་བཅུག་རྗེས་ཁ་གསབ་ཚད་གཞི་དེ་ཁྲོམ་རའི་རིན་གོང་ཚོད་རྩིས་ཀྱི50%ལས་མི་བརྒལ་བ་བྱེད་རྒྱུ་རེད།
རྣམ་པ་གསར་པའི་ཞིང་ཕྱུགས་ལས་གཉེཪ་སྐྱོང་བྱེད་མཁན་ལ་སྐྱེད་ཀའི་དངུལ་བུན་གཏོང་རྒྱུ་སྟེ། སྡེ་ཚན་དང་ཁྲིམས་མིའི་ཚབ་བྱེད་པའི་མིང་ཐོག་ནས་ཡུས་ཧྲུའུ་ཡི་ཞིང་ལས་འགན་འཁྲིའི་ཀུང་སིའི་ཁག་ཐེག་འོག་དངུལ་བུན་བསྐྱི་བའི་སྐོར་ནས། 2023ལོར་དངུལ་བུན་སྒོར་བྱེ་བ་དྲུག་གཏོང་རྩིས་ཡོད་པ་དང་། རྣམ་པ་གསར་པའི་ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་མཁན་གྱིས་དངུལ་བུན་སྒོར་འབུམ་ལྔ་བསྐྱི་ཆོག་པ་དང་། ཞིང་ལས་འགན་འཁྲིའི་ཀུང་སིའི་ངོས་ནས་དངུལ་བུན་སྐྱེད་ཀ50%སྤྲོད་པའི་རྨང་གཞིའི་སྟེང་། ལྷག་མའི་དངུལ་བུན་སྐྱེད་ཀ་དེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་སྐྱེད་ཀ་སྤྲོད་པ་དང་། ཁུལ་རིམ་པས20%ཁ་གསབ་བྱེད་པ། རྫོང་རིམ་པས30%ཁ་གསབ་བྱེད་པ་བཅས་ཀྱི་སྟེང་ནས་ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་མཁན་གྱིས་དངུལ་བུན་སྐྱེད་ཀ་སྤྲོད་མི་དགོས་པ་བྱེད་རྒྱུ་རེད།
“ཀུན་ཕན་དམངས་ཚིས”འགན་འཁྲིའི་འགན་བཅོལ་སྟེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ལ་རང་བྱུང་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་བྱུང་བར་གཞི་རྩའི་འགན་ལེན་བྱེད་པ་དང་། ས་གནས་ཀྱི་མི་དམངས་མང་ཚོགས་ལ་གནོད་འཚེ་ཐེབས་པའི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱེད་པ། རོང་འབྲོག་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་འཇུག་པ། མང་ཚོགས་ལ་དངོས་ཡོད་ཀྱི་ཕན་ཁེ་བསྐྲུན་པ་དང་ཁྱིམ་ཚང་འཆམ་མཐུན་ཡོང་བ། སྤྱི་ཚོགས་བདེ་འཇགས་ཡོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ནས། རོང་འབྲོག་ཁུལ་གྱི་འགན་བཅོལ་ལས་དོན་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། འགན་བཅོལ་ནང་ཞུགས་མཁན་ཁྲོད། ཡུས་ཧྲུའུ་ཁུལ་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་མང་ཚོགས་འབུམ་གཉིས་ཀྱི་ཁྲོད་ཡུས་ཧྲུའུ་གྲོང་ཁྱེར་དུ་མི་ཁྲི5དང་། ཁྲི་འདུ་རྫོང་དུ་མི་ཁྲི3། ནང་ཆེན་རྫོང་དུ་མི་ཁྲི5། རྫ་སྟོད་རྫོང་དུ་མི་ཁྲི3། འབྲི་སྟོད་རྫོང་དུ་མི་ཁྲི2། ཆུ་དམར་ལེབ་རྫོང་དུ་མི་ཁྲི2བཅས་ཡོད་པ་རེད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།