རྩྭ་ཐང་དུ་ཁྱབ་པའི་དཔུང་རྟགས་དམར་པོ།
2023.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྨ་ཆེན་རྫོང་འགན་བབས་ཉེན་རྟོག་པ་གཙོར་ཡིན་པའི་རྟ་ཐོག་སྒྲོག་འགྲེལ་རུ་ཁག

སྟོན་དུས་ཀྱི་རྨ་ཆེན་གངས་འདབས་སུ། འབྲོག་པ་རྣམས་ཀྱིས་ཡིད་དུ་འོང་བའི་མཛེས་ལྗོངས་ཁྲོད་སོས་དལ་བག་ཕེབས་ངང་འཚོ་བ་རོལ་གྱིན་འདུག བརྟན་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གིས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་དང་བདེ་སྐྱིད་ཀྱི་འཚོ་བ་དེ་གནས་འདིར་འདྲེས་སུ་བཅུག་སྟེ། རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་གླེང་བཞིན་མཆིས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོར་མཚོན་ན། སྔོན་ཆད་རྩྭ་ས་རྩོད་གླེང་དང་ཁྱིམ་མཚེས་བར་གྱི་འགལ་བ། གཉེན་སྒྲིག་རྩོད་གཞི་བཅས་ཀྱིས་ཁེངས་པའི་ཕྱུགས་ལས་ཡུལ་ཚོ་ཞིག་ཡིན་ཞིང་། འབྲོག་པ་མང་ཚོགས་ཁྲོད་ཐོན་པའི་དཔུང་རྟགས་དམར་པོ་བཏགས་པའི་འགན་བབས་ཉེན་རྟོག་པས། རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུས་ནམ་ཡང་འགལ་བ་བྱུང་ས་ཐོག་དང་པོར་ཟབ་ཞུགས་བྱས་པར་མ་ཟད། འདུམ་སྒྲིག་ཁྲོད་དུ་གནད་དོན་གྱི་རྩ་བ་ཡང་དག་པར་རྩད་གཅོད་བྱས་ཏེ། གཞི་རིམ“ཟང་ཟིང”ཡིན་པ་ནས“བརྟན་བརླིང”དུ་བཏང་བས། ཡུལ་དེའི་མངགས་གཏོང་ཁང་གི་འགོ་གཙོ་རིན་ཆེན་གྱིས་སྣང་ཚུལ་དེ་ལ་རྩྭ་ཐང་གི“དཔུང་རྟགས་དམར་པོ”ཞེས་འབོད་ཀྱིན་ཡོད།

“ཁྱོད་རང་ཡིད་ཆེས་པ་ཞིག་མིན་མོད། འབྲོག་པའི་ཁྲོད་ནས‘འགན་བབས་ཉེན་རྟོག་པ’བདམས་པ་ནས་བཟུང་། འགལ་བ་དང་རྩོད་གཞི་བྱུང་མ་ཐག་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཐ་ན་རྟ་ནོར་རྐུ་བའི་སྣང་ཚུལ་ཡང་མེད་པར་གྱུར”ཞེས་འགོ་གཙོ་རིན་ཆེན་གྱིས་བཤད་པའི་སྐད་ཆ་དེར་འགུག་ཤུགས་ཆེན་པོ་ལྡན་པའི་དབང་གིས་གསར་འགོད་པ་རྟ་བོ་ཞོལ་མ་ཡུལ་ཚོར་བསྐྱོད།

ཏག་ཏག་སློབ་མགོ་ཚུགས་པའི་སྐབས་དེར། གཉན་རྭ་སྡེ་བའི་འགན་བབས་ཉེན་རྟོག་པ་བསམ་པའི་དོན་འགྲུབ་ནི་དུས་ནམ་ཡང་བྱིས་པ་སློབ་གྲྭར་སྐྱེལ་བའི་འབྲོག་ཁྱིམ་བརྒྱུད་ནས་འགྲོ་བ་དང་། “ཞོར་དུ་ཁོ་ཚོའི་སྒོ་དང་དྲ་མ། གཞན་ད་དུང་ཆུ་གློག་ཐད་གནད་དོན་ཡོད་མེད་ལ་ལྟ་ཞིབ་བྱེད་པར་མ་ཟད། ཁྱིམ་བདག་མེད་པའི་སྐབས་དང་བསྟུན་ནས་སྒོ་རའི་འགྲམ་དུ་དངོས་པོ་གང་འདོད་དུ་བཞག་ཡོད་མེད་ལའང་ལྟ་ཞིབ་བྱེད་ཀྱིན་ཡོད།”བསམ་པའི་དོན་འགྲུབ་ཆུང་དུས་ནས་སྡེ་བའི་ནང་དུ་ནར་སོན་པས་སྡེ་བ་ཡོངས་ཀྱི་མིའི་བར་གྱི་འབྲེལ་བ་གསལ་པོར་ཤེས་ལ། ཁོས་ཁྱིམ་མཚེས་བར་གྱི་འབྲེལ་བ་ནི་གླེང་རིན་མེད་པའི་དོན་དག་ཆུང་ཆུང་ནས་འབྱུང་བ་གསལ་པོར་རྟོགས་ཡོད།

འགན་བབས་ཉེན་རྟོག་པ་ཧྲིན་ལི་ནི་ད་ལོ་ལོ56ཡིན་པ་དང་། ལོ་རྒན་དྲུག་ཅུར་འབུད་ལ་ཉེ་བའི་ཁོ་སྔར་བཞིན་འཕྲུལ་རྟར་ཞོན་ནས་རི་ལུང་ཀུན་ཏུ་འགྲོ་བཞིན་ཡོད། ལོ་ཟླ་མང་པོ་བརྒྱུད་མྱོང་བའི་ཧྲིན་ལི་ཡིས་སྡེ་བའི་ཁྱིམ་ཚང་རེ་རེའི་རྩྭ་སའི་ས་མཚམས་གསལ་བོར་ཤེས་པ་དང་། ཟླ9པར་འབྲོག་པའི་རུ་སྤོ་སྐབས་རྩྭ་ས་རྩོད་གླེང་དང་འགལ་བ་འབྱུང་སླ་བ་ཡང་གསལ་པོར་ཤེས་ལ། དེ་ལས་ཀྱང་ནོར་ནག་གསོ་ཁ་ནས་ཕྱིར་གཏོང་བའི་དུས་ལ་སླེབས་ཡོད་པའང་གསལ་པོར་ཤེས་ཡོད། “སྡེ་བའི་ནང་དུ་ཕྱི་ནས་ཡོང་བའི་མག་པ་དང་མནའ་མ་མང་ལ། འདས་ཟིན་པའི་རྒན་པོ་ཚོས་རྩྭ་སའི་ས་མཚམས་གསལ་པོར་བཤད་མེད་པའི་རྐྱེན་གྱིས། རྩྭ་སའི་ཐད་ནས་དོན་དག་མང་པོ་བྱུང་སོང་། ང་སོང་ནས་གསལ་པོར་བཤད་རྗེས་འགལ་བ་ཐག་བཅད་པ་ཡིན”ཞེས་ཧྲིན་ལི་ཡི་སེམས་འདུན་ནི་རྩྭ་ཐང་འདིའི་སྟེང་དུ་འཚོ་བ་རོལ་གྱིན་པའི་འབྲོག་པ་རྣམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་དེ་རེད།

གཞི་རིམ་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་སྟུག་པོ་དང་འདེགས་སྐྱོར་གཙོ་བོ་དེ་ཡིན་ལ། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་རྡོ་ལྟ་བུ་ཡིན། མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་ཏང་འཛུགས་སྐྲུན་གྱིས་རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་དཔེ་དབྱིབས་ལ་ཟུང་འབྲེལ་དང་། མང་ཚོགས་ལ་ས་རྒྱུས་མི་རྒྱུས་ཡོད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། ཁྱད་ཆོས་དང་འདོད་བློར་ཟུང་འབྲེལ་བྱེད་པ་བཅས་ཀྱིས་འབྲོག་པ་ཡང་བསྐྱར་རྩ་འཛུགས་ཅན་དུ་བཏང་སྟེ། “ལྟད་མོ་པ”ནས“ཟབ་ཞུགས་མཁན”དུ་བསྒྱུར། ལོ་ངོ་གཉིས་ཀྱི་རིང་ལ། རྨ་ཆེན་རྫོང་གི་གྲོང་རྡལ་གཉིས་དང་ཡུལ་ཚོ་དྲུག་གིས་འགན་བབས་ཉེན་རྟོག་པ368བདམས་པ་དང་། ཁོ་ཚོ་བདེ་སྐྱོང་མཉམ་འགོག་དང་འགལ་བ་འདུམ་སྒྲིག སྡེ་དོན་བརྒྱུད་སྒྲོག་སོགས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལས་ཡུལ་དང་པོ་རུ་འབད་པ་བྱེད་བཞིན་པའི་སྟོབས་ཤུགས་གསར་པར་གྱུར་ཡོད།

“ཡིད་མི་ཆེས་སམ། ངའི་འདི་ན་གྲངས་ཀ་སྐོར་ཞིག་ཡོད་པས་དེར་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་ངེས།” རྟ་བོ་ཞོལ་མ་ཡུལ་ཚོ་མངགས་གཏོང་ཁང་གི་འགོ་གཙོ་རིན་ཆེན་གྱིས་ཁྱེར་ཡོང་བའི་བསྡོམས་རྩིས་ལས། མི་གྲངས1700ལས་མེད་པའི་ཡུལ་ཚོ་རུ། 2020ལོར་ཉེས་དོན་དང་བདེ་སྐྱོང་གྱོད་དོན་བརྒྱད་བྱུང་ལ། འགལ་བ་དང་རྩོད་གཞི་ཉི་ཤུ་བྱུང་། ད་ལོའི་ཟླ་བརྒྱད་པའི་བར་དུ། ཉེས་དོན་དང་བདེ་སྐྱོང་གྱོད་དོན་གཅིག་བྱུང་བ་དང་། འགལ་བ་དང་རྩོད་གཞི་གསུམ་ལས་བྱུང་མེད་པ་མཐོང་། འབྱུང་སྲིད་པའི་ཉེས་དོན་དང་བདེ་སྐྱོང་གྱོད་དོན་གྱི་བྱ་སྤྱོད་དང་ཁུངས་སྣེ་ཡོད་ཚེ་དུས་ཐོག་ཏུ་ཡར་ཞུ་བྱས་པས། མི་དམངས་ཉེན་རྟོག་པ་མ་ཐོན་གོང་དུ་འགལ་བ་དང་རྩོད་གཞི་ཞི་བར་བཏང་ལ། གྱོད་དོན་དང་རྩོད་གཞི་འབྱུང་ཚད་ཇེ་དམའ་རུ་སོང་ཡོད་པ་དེ་དག་ཐམས་ཅད། འགན་བབས་ཉེན་རྟོག་པ་རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཞུགས་པ་དང་འབྲེལ་བ་དམ་པོ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྨ་ཆེན་རྫོང་གིས2021ལོར་འགན་བབས་ཉེན་རྟོག་པ་ཇེ་མང་དུ་བཏང་བ་ནས་བཟུང་། འགན་བབས་ཉེན་རྟོག་པས་འབྲོག་ཁྱིམ1200ལ་མཚམས་འདྲི་བྱས་པ་དང་། ཁྲིམས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་དྲིལ་སྒྲོག་བྱ་འགུལ་ཐེངས་བརྒྱད་ཅུ་ལྷག་སྤེལ་ལ། རང་འགུལ་གྱིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྣ་ཚོགས་བཅུ་ཕྲག་ལ་ཞུགས་པས། གང་དུ་དོན་དག་ཡོད་ཚེ་དེ་རུ་འགན་བབས་ཉེན་རྟོག་པའི་གཟུགས་བརྙན་མཐོང་ཐུབ་ཅེས་བཤད་ཆོག

གྲུབ་ཟིན་པའི་རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་དེ་རིམ་བཞིན་འཐུས་ཚང་དུ་གྱུར་ནས། མང་ཚོགས་རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཁྲོད་རིམ་བཞིན་ཟབ་ཞུགས་བྱེད་ཀྱིན་ཡོད་པ་དང་། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་ཡང་བསྐྱར་ཟབ་ཞུགས་བྱེད་ཀྱིན་ཡོད་པས། འདོན་སྤེལ་བྱས་པའི་སྟོབས་ཤུགས་དེ་དག་ཙམ་མ་རེད།

2022ལོའི་ལོ་མཇུག་ཏུ། འབྲོག་པ་ཀུན་ལྡན་གྱིས་ཁྱིམ་ཐོ་བགར་བ་དང་བྱིས་པ་སློབ་གྲྭར་སྐྱེལ་བ། སྤྱི་ཚོགས་རྒན་གསོ་སོགས་ཀྱི་གནད་དོན་དེ་ཁྲིམས་ལུགས་དྲིལ་སྒྲོག་བྱེད་དུ་ཡོང་བའི་འགན་བབས་ཉེན་རྟོག་པར་འདྲི་རྩད་བྱས་པ་ན། འགྲེལ་བཤད་བྱེད་ཐུབ་པ་རྣམས་ཡུལ་དངོས་སུ་འགྲེལ་བཤད་བྱས་པ་དང་། སྒྲུབ་མི་ཐུབ་པའི་དོན་དག་མི་དམངས་ཉེན་རྟོག་པར་འབྲེལ་གཏུག་བྱས་ཏེ་སྒྲུབ་ཏུ་བཅུག གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་སྤྱི་པའི་ཞབས་ཞུ་འདུས་པས། རྩ་བ་བརྟན་ལ་རྨང་གཞི་མཐུག་པའི་རྩ་བ་དེ་གཞུང་ལས་ཁང་ནས་འབྲོག་པའི་སྦྲ་ནང་དུ་བསྲིང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ལོ་དེར་འགན་བབས་ཉེན་རྟོག་པས་ཐད་ཀར་དུ་འཚོལ་བསྡུ་བྱས་པའི་སྲིད་འཛིན་ཞིབ་མཆན་བཀོད་པ་དང་སྤྱི་པའི་ཞབས་ཞུ་སོགས་ཕྱོགས་ཀྱི་བསམ་ཚུལ་ལྔ་ལ་སླེབས་ཏེ། ཏང་གིས་གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་སྲིད་སྐྱོང་ནུས་པ་བརྟན་པོར་བཏང་།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུན་ནུས་ལྡན་བྱེད་པའི་སྟེང་། འགན་བབས་ཉེན་རྟོག་པས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། མཉམ་ལས་ཁང་དུ་མ་རྐང་བཞག་ནས་འབྲོག་པ་མང་ཚོགས་ཀྱིས་ཐོན་ལས་ལ་བརྟེན་ནས་ཡོང་འབབ་བརྟན་འཇག་ཏུ་གཏོང་བ་མངོན་འགྱུར་བྱུང་མོད། འོན་ཀྱང་། འབྲོག་པ་སྐོར་ཞིག་གིས་མ་རྐང་དུ་བཞག་ན་མི་གཞན་ལ་བྱིན་པ་དང་འདྲ་བར་སྙམ་ནས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། སྐབས་དེར་མང་ཚོགས་ཀྱི་ཁྲོད་འགན་བབས་ཉེན་རྟོག་པ་ཞིག་ཡོང་བ་དང་། འབྲོག་པ་མང་ཚོགས་ཀྱི་ཁྲོད་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་ལ། ཁོ་ཚོ་བཙལ་ནས་གནད་དོན་ཐག་གཅོད་པའི་མི་ཧ་ཅང་མང་། རིན་ཆེན་གྱིས་བཤད་རྒྱུར། འགན་བབས་ཉེན་རྟོག་པས་ཁོ་བརྒྱུད་ནས་འབྲེལ་ཡོད་མི་སྣ་བཙལ་ཏེ་སྲིད་ཇུས་ལ་རྒྱུས་ལོན་ཞིབ་ཚགས་བྱས་པ་དང་། འགན་བབས་ཉེན་རྟོག་པས་འབྲོག་པ་རྣམས་ལ་ “ད་ལྟའི་འཚོ་བ་འདི་འདྲའི་བཟང་བོ་ཞིག་སུས་བྱིན་པ་ཡིན་ནམ། ཏང་དང་སྲིད་གཞུང་གིས་ཁྱོད་ཚོའི་ནོར་འགའ་མགོ་སྐོར་གཏོང་སྲིད་དམ”ཞེས་ཐད་ཀར་ལན་བཏབ།

མུ་མཐའ་མེད་པའི་རྩྭ་ཐང་དུ། འཚོ་བའི་ཁོར་ཡུག་ལེགས་པོར་བསྒྱུར་བསམ་པ་དང་ཉེ་འགྲམ་གྱི་མི་དང་བྱ་བ་ཐམས་ཅད་བདེ་ལེགས་ཡོང་འདོད་པའི་མི་སྐོར་ཞིག་གིས། རང་འགུལ་གྱིས“འགན་བབས་ཉེན་རྟོག་པའི”ཡི་གེ་དཔར་ཡོད་པའི་དཔུང་རྟགས་དམར་པོ་བཏགས་ནས། རང་ནུས་ཅི་ཡོད་སྒོས་རྩྭ་ཐང་གི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གྲུབ་འབྲས་དེ་ཡང་མཚོ་འཕང་མཐོ་ས་ནས་དཔའ་སྤོབས་ཆེན་པོས་སྔར་ལས་མཐོ་སར་སྐྱོད་ཀྱིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།