བརྗོད་དོན་སློབ་གསོ་སྐོར་དང་པོ་དང་གཉིས་པའི་འབྲེལ་མཐུད་མཉམ་འགུལ་གྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས།
2023.10.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བྱང་ཤར་ས་ཁུལ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་། “བརྗོད་དོན་སློབ་གསོ་སྐོར་དང་པོ་དང་གཉིས་པའི་འབྲེལ་མཐུད་མཉམ་འགུལ་གྱི་བྱ་བ་དམ་པོར་བཟུང་སྟེ། ཀྲུང་དབྱང་གིས་བཏོན་པའི་དམིགས་འབེན་བླང་བྱ་དང་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་དགོས་པ”ནན་གྱིས་བསྟན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་དོན་སློབ་གསོ་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ལས“བརྗོད་དོན་སློབ་གསོ་སྐོར་དང་པོ་དང་གཉིས་པའི་འབྲེལ་མཐུད་མཉམ་འགུལ་གྱི་བྱ་བ་ལེགས་པོར་འཛིན་པ་དང་། ལས་འགན་གལ་ཆེན་ཁག་ལག་བསྟར་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གང་ལེགས་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོར་མཚོ་སྔོན་དུ་འབྲས་བུ་བཟང་པོ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ”བསྟན་ཡོད་ལ། འདིས་བརྗོད་དོན་སློབ་གསོ་སྐོར་དང་པོ་དང་གཉིས་པའི་འབྲེལ་མཐུད་མཉམ་འགུལ་ཐད་ཁ་ཕྱོགས་དང་ཐབས་ལམ་གསལ་པོར་བསྟན་འདུག

རང་ཞིང་གི་བརྗོད་དོན་སློབ་གསོ་སྐོར་དང་པོས་ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ་གོང་ནས་འོག་ལ་སྣེ་ཁྲིད་པ་འབུར་དུ་དོད་པ་དང་། གནད་གཙོ་བོར་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་གཏིབ་ཟབ་བྱས་པ། དངོས་སྒྲུབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་འོས་འགན་གལ་ཆེན་སྟེང་ཤུགས་བཏོན་པ། གཟབ་ནན་དངོས་སྒྲུབ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་ནུས་པ་ཇེ་དྲག་ཏུ་བཏང་བ། དོ་དམ་ནན་མོ་དང་བྱམས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ལས་སྒྲུབ་ཀྱི་ཁོར་ཡུག་བསྐྲུན་པ་བཅས་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། བརྗོད་དོན་སློབ་གསོ་སྐོར་གཉིས་པ་རིམ་པ་འོག་མར་སྤོས་ཤིང་དེར་ཞུགས་པའི་ལས་ཁུངས་དང་མི་སྣའི་ཁྱབ་ཁོངས་ནི་རྒྱ་ཆེ་ལ། རིགས་མང་བ། གྲངས་འབོར་མང་བ། གཞི་རིམ་དང་མང་ཚོགས་ལ་ཐད་ཀར་ཁ་ཕྱོགས་པ། འགལ་བ་དང་རེ་བ་མང་བ། ལས་འགན་སྔར་ལས་དཀའ་ཚེགས་ཆེ་བ་བཅས་ཡིན་པས། ང་ཚོའི་བྱ་བར་བླང་བྱ་གསར་པ་སྔར་ལས་ཆེ་བ་བཏོན་ཡོད། བརྗོད་དོན་སློབ་གསོ་སྐོར་དང་པོ་ནས་གཉིས་པར་བསྒྱུར་དགོས་ན་ངེས་པར་དུ་གོང་འོག་མཉམ་འབྲེལ་རྒྱུན་འཁྱོངས་བྱས་ཏེ། སྔ་རྗེས་ཁ་བྲལ་དང་རིམ་པ་ཐ་དད་དུ་འགྱུར་བ་སྔོན་འགོག་བྱེད་དགོས།

བརྗོད་དོན་སློབ་གསོ་ནི་མ་ལག་ལྡན་པའི་བཟོ་འགོད་ཅིག་ཡིན་པས། སྤྱིའི་ཆ་ནས་འཆར་འགོད་དང་མ་ལག་སྟེང་ཁོང་དུ་ཆུད་པར་བྱེད་དགོས། བརྗོད་དོན་དང་འགྲོས་ཚད། འགུལ་སྐྱོད་བཅས་ལ་འགྱུར་བ་མེད་པར། ཐེངས་གཉིས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་མཐུད་ལ་ཤུགས་སྣོན་པར་སྐུལ་འདེད་བྱེད་པ་ནི་བརྗོད་དོན་སློབ་གསོ་སྐོར་དང་པོའི་གྲུབ་འབྲས་སྲ་བརྟན་དང་བརྗོད་དོན་སློབ་གསོ་སྤྱིའི་མཇུག་མཐའི་གྲུབ་འབྲས་ལ་འབྲེལ་བ་ཡོད། བརྗོད་དོན་སློབ་གསོ་སྐོར་གཉིས་པར་ལས་ཁུངས་དང་མི་སྣའི་ཁྱབ་ཁོངས་རྒྱ་ཆེ་ཞིང་རིགས་མང་བ། གྲངས་འབོར་མང་བ། མང་ཚོགས་དང་སྔར་ལས་ཐད་ཀར་འབྲེལ་བ་ཡོད་པ་དང་སྔར་ལས་འབྲེལ་བ་ཟབ་པ། མང་ཚོགས་དང་ཆེས་ཐག་ཉེ་བའི་བརྗོད་དོན་སློབ་གསོ་ཞིག་ཡིན་པས། འདི་ནི་མཐུད་རྒྱུག་འགྲན་སྡུར་ཞིག་ཡིན་པར་མ་ཟད་མཁྲེགས་གཏོར་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ཅིག་ཀྱང་ཡིན། དེ་བས། འབྲེལ་མཐུད་མཉམ་འགུལ་གྱི་བྱ་བ་རྒྱུན་འཁྱོངས་བྱས་ཏེ་བརྗོད་དོན་སློབ་གསོ་སྐོར་གཉིས་པའི་འབྲེལ་མཐུད་གཅིག་གྱུར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། བདེན་སྲུང་གསར་གཏོད་བྱེད་ཕོད་པ་དང་། བྱེད་ཐབས་དངོས་དང་ཕན་པ་དངོས་བསྒྲུབས་ཏེ། དངོས་ཕན་དོན་གཉེར་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ས་དང་དོན་དངོས་ཡིན་པ། སེམས་སུ་འཇགས་པ་ཞིག་ཡོང་བར་སྐུལ་འདེད་གཏོང་དགོས།

གཅིག་གྱུར་འབྲེལ་མཐུད་ལེགས་པོར་འཛིན་པ་ལ། གོམ་པ་རིམ་བགྲོད་ཀྱིས་འགྲོས་ཚད་དམ་འཛིན་བྱེད་དགོས་པར་མ་ཟད། མ་ལག་གི་བསམ་གཞིག་དང་འཐབ་ཇུས་ཀྱི་བསམ་གཞིག་གསལ་པོར་རྟོགས་ཏེ། ཁྱོན་ཡོངས་གཅིག་འདོམས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། བརྗོད་དོན་སློབ་གསོ་སྐོར་དང་པོའི་ཁྲོད་ཀྲུང་དབྱང་གི་དགོངས་པ་གསལ་པོར་རྟོགས་པ་དང་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ཁོང་དུ་ཆུད་པ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བར་ཤུགས་སྣོན་པ་དང་དངོས་སྒྲུབ་ཐེག་ཁུར་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། ཏང་གཤིས་བརྟན་པོ་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་བསྒྱུར་འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། དོན་དངོས་གནས་ཚུལ་ཐག་གཅོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཤིག་གྲུབ་ཡོད་པས། ང་ཚོས་བརྗོད་དོན་སློབ་གསོ་སྐོར་དང་པོའི་ལེགས་འགྲུབ་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་གང་ལེགས་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་དང་པོའི་གྲུབ་འབྲས་དང་ཉམས་མྱོང་གི་རྨང་གཞིའི་སྟེང་བརྗོད་དོན་སློབ་གསོ་སྐོར་གཉིས་པ་གཏིང་ཟབ་སྒོས་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པ། ཞིམ་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཅས་བྱེད་དགོས།

ཕུགས་འདུན་ལྡན་པའི་སྐྱེ་བོ་ཡིས། གང་དགར་ལས་མཚམས་བསྐྱུར་མི་བྱ། ང་ཚོས་བློ་རྩ་བརྟན་པོ་དང་ཐོག་མཐའ་བར་གསུམ་དུ་དངོས་གཉེར་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། དམིགས་འབེན་གྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་དང་། རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ། དོན་དངོས་གནད་དོན་ཐག་གཅོད་ནན་མོ་བྱེད་པ། གཅིག་གྱུར་འབྲེལ་མཐུད་དམ་འཛིན་བྱེད་པ། ཚད་མཐོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་འོས་འགན་སོ་སོ་དོན་འཁྱོལ་བྱས་ནས་ཕན་འབྲས་བཟང་བོ་ཐོན་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་བློ་གྲོས་འཕེལ་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཡུལ་ཁམས་གསར་པ་གཏོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།