“མཉམ་འབྲེལ་དྲ་རྒྱ”ཡིས་མང་ཚོགས་ཀྱིས་ནད་སྟོན་པར་སྔར་ལས་སྟབས་བདེ་བསྐྲུན།
2023.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

“ངོ་མ་སྟབས་བདེ་རེད། ལག་པའི་མཛུབ་གུ་འགུལ་བ་ཙམ་གྱིས་ཁ་པར་ནང་སྨན་པར་ཁ་ཆད་ཐོ་འགོད་བྱས་ཆོག་པ་དང་། སྒོ་བསྟེན་སྨན་རིན་སྤྲད་ཆོག་ལ། བརྟན་དཔྱད་མཇུག་འབྲས་སོགས་ལ་ལྟ་ཐུབ་པས། བྱིས་པ་པང་ནས་སྔ་མོར་སྒེའུ་ཁུང་ཁར་གྲལ་བསྒྲིགས་ནས་སྒུག་མི་དགོས་པ་རེད།” ཉེ་བའི་ལོ་ཤས་རིང་གི་སྨན་བཅོས་འགྱུར་ལྡོག་སྐོར་གླེང་སྐབས། ཟི་ལིང་གི་སྡོད་དམངས་ཞའེ་རོས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

“བྱིས་པ་ལོ་ན་ཆུང་བས་དུས་རྒྱུན་ན་བཞིན་ཡོད་པ་དང་། ནད་ལ་ལྟ་ཐེངས་རེ་རེར་ཆེས་སེམས་ཁུར་བྱེད་པ་ནི་གྲལ་བསྒྲིགས་ནས་སྒུག་རྒྱུ་དེ་རེད།” ཞའེ་རོས་ནི་ལོ་བཅུ་ལ་སླེབས་པའི་བྱིས་པ་ཞིག་གི་ཨ་མ་ཡིན་པ་དང་། ལོ་འགའི་སྔོན་ནས་ཁོ་མོ་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དུ་རྒྱུན་དུ་ནད་ལ་སྟོན་དུ་ཡོང་བཞིན་ཡོད། མོས་བཤད་རྒྱུར། “སྨན་ཁང་དུ་ཡོང་ཐེངས་རེར། ཁྱིམ་མི་རྒན་པ་བཞི་བོས་ཕྲུ་གུ་པང་ཞོར་གྲལ་བསྒྲིགས་ནས་ཐོ་འགོད་དང་། སྨན་རིན་སྤྲོད་པ། སྨན་ལེན་པ་སོགས་བྱེད་བཞིན་ཡོད། སྐབས་ལན་རེར་ཐམ་ག་ཞིག་རྒྱག་པའི་དོན་དུ་ཡར་འདྲི་མར་འདྲི་བྱེད་དགོས་པ་དང་། ཡར་རྒྱུགས་མར་རྒྱུགས་བྱེད་དགོས། རྙོག་འཛིང་ཆེ་བའི་བརྒྱུད་རིམ་གྱིས་མི་རྣམས་མགོ་ཡོམ་ཡང་འཁོར་བར་བྱེད་ཀྱིན་ཡོད”ཟེར།

“ད་སོ་མ་ངས་ནད་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ས་ཚིགས་གཅིག་རྣམ་པ་ནས་ནད་ཐོ་བསྐྱར་དཔར་དང་། སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་བློ་འདྲི་སོགས་ཞབས་ཞུ་མང་པོ་སྒྲུབ་ཚར་བ་ཡིན། ད་དུང་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་སྐད་འཕྲིན་སྤྱི་སྟེགས་སྟེང་ནས་བྱིས་པའི་བརྟག་དཔྱད་མཇུག་འབྲས་ལ་བལྟོས།”དེའི་འཕྲོར་ཁོ་མོས་སྨན་བཅོས་བྱས་རྗེས་ཀྱི་སྨན་རིན་རྩིས་སྤྲོད་བྱས། “ད་ལྟ་སྨན་ཁང་དུ་ཡོང་ན་སྒུག་པའི་དུས་ཚོད་ཇེ་ཐུང་དུ་ཕྱིན་ཡོད་པ་དང་། ཡར་རྒྱུགས་མར་རྒྱུགས་བྱེད་པའི་དུས་ཚོད་ཡང་ཇེ་ཉུང་དུ་སོང་ཡོད་ལ། ནད་ལ་ལྟ་རོགས་དུ་ཡོང་བའི་མི་ཡང་གཅིག་ལས་མི་དགོས་པ་རེད། ད་ལྟ་དེ་འདྲའི་སེམས་ཁུར་མེད་དེ། སྨན་ཁང་གིས་སེམས་དྲོ་བར་བྱེད་པའི་དོན་དག་མང་པོ་ང་ཚོ་ཁྱིམ་བདག་རྣམས་ཀྱི་སེམས་ལ་དྲན་པ་ལྟར་སྒྲུབ་ཡོད”ཟེར།

དེ་ནི་མཚོ་སྔོན་ཞིང་ཆེན་གྱིས“མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་”བྱ་བར་སྐུལ་འདེད་བཏང་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། སྨན་བཅོས་བྱེད་པའི་དུས་ཚོད་ཇེ་ཐུང་དུ་བཏང་བ་དང་། སྨན་བཅོས་ཉམས་ལེན་ལེགས་བཅོས་བྱེད་པ། དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་སྨན་བཅོས་ཞབས་ཞུ་རྣམ་པ་མངོན་འགྱུར་བྱེད་པའི་བསྡུས་གཟུགས་ཞིག་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བ་སྤེལ་བའི་རིང་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་པས་སྨན་པར་སྟོན་པའི་མྱོང་ཚོར་ལ་དམིགས་ནས་འབད་བརྩོན་ཆེན་པོས་བྱ་བ་སྒྲུབ་པ་དང་། མུ་མཐུད “མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་”དང“མཉམ་འབྲེལ་དྲ་རྒྱ་དང་ནད་སྐྱོང་ཞབས་ཞུ”ཡི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱས་པ་དང་། སྨན་ཁང་གི་བདེ་ཐང་ཞབས་ཞུའི་ཆུ་ཚད་དངོས་གནས་མཐོར་འདེགས་བཏང་། ཡང་དག་པའི་སྒོ་ནས་གནད་དོན་འཚོལ་བའི་ཆེད་དུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཐེངས་མང་པོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྨན་ཁང་ནས་རྟོག་དཔྱོད་ཞིབ་འཇུག་བྱ་བ་སྤེལ་བ་དང་། སྨན་ཁང་གི་ཞབས་ཞུའི་ནུས་པ་མི་འདང་སར་དམིགས་ནས་གནད་ལ་འཁེལ་བའི་སྒོ་ནས་ཤུགས་བཏོན་སྟེ། མུ་མཐུད་དུ་མང་ཚོགས་ཀྱིས་སྨན་བཅོས་བྱེད་པའི་ཁྲོད་ཀྱི་ཐོབ་སྣང་ཇེ་མཐོར་བཏང་ཞིང་། “སྨན་པའི་བྱམས་སེམས”ཀྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བས། མང་ཚོགས་ལ་སྔར་ལས“སྨན་བཅོས”ཀྱི་རྒྱབ་བསྟེན་ཡོད་པར་བྱས།

ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དམིགས་འབེན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི”དམིགས་འབེན་ལ་དམ་པོར་དམིགས་ཏེ་མཉམ་འབྲེལ་དྲ་རྒྱའི་སྨན་ཁང་འཛུགས་སྐྲུན་ལ་དམིགས་པ་དང་ཆ་འཕྲིན་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས་དྲ་ཐོག་ནས་སྨན་པར་སྟོན་པར་ཐོ་འགོད་དང་། གྲལ་བསྒྲིགས་ནས་ཨང་རྟགས་འབོད་པ། དྲ་ཐོག་ནས་སྨན་རིན་སྤྲོད་པ་སོགས་ཀྱི་མ་ལག་མང་པོ་ཡོངས་འགྲུབ་བྱས་ཡོད་པ་རེད། བརྟག་དཔྱད་དང་ཞིབ་བཤེར་མཇུག་འབྲས་ཚང་མར་ཁ་པར་ཐོག་ནས་ལྟ་ཐུབ་པ་མངོན་འགྱུར་བྱུང་བ་དང་། ཁ་པར་སྟེང་ནས་སྨན་རིན་སྤྲོད་པ་དང་། རང་འགུལ་རིན་སྤྲོད་འཕྲུལ་ཆས་ཀྱི་སྟེང་ནས་སྨན་རིན་སྤྲོད་པ། ནད་ཐོག་སྙན་ཞུ་དང་སྨན་རིན་སྤྲད་པའི་ཤོག་འཛིན་དཔར་བ་སོགས་བྱེད་ནུས་མང་པོ་སྒྲུབ་ཐུབ་པ་རེད།

ཁ་པར་གཅིག་གིས་ནད་ལ་ལྟ་བ་དང་ཡང་བསྐྱར་ནད་ལ་ལྟ་ཐུབ་བམ། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་སྒོ་བསྟེན་ཚན་ཁག་གི་སྨན་པ་འབུམ་རམས་པ་ཡའེ་ཅན་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱིས་པའི་ཚན་ཁག་གི་ནད་བརྟག་སྨན་བཅོས་ཀྱི་དམིགས་བསལ་རང་བཞིན་ལ་དམིགས་ནས་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་རིག་ལྡན་སྨན་བཅོས་དང་། རིག་ལྡན་ཞབས་ཞུ། རིག་ལྡན་དོ་དམ་སོགས་ཀྱི་ཚད་གཞི་ལྟར། མཉམ་འབྲེལ་དྲ་རྒྱའི་སྨན་ཁང་གི་དྲ་ཐོག་ནས་ཡང་བསྐྱར་ནད་རྟགས་འདྲི་པའི་ལས་གཞི་ཧུར་ཐག་གིས་གྲ་སྒྲིག་བྱས་པ་དང་། ནད་རྟགས་ལ་བརྡར་ཤ་བཅད་པ་ཡང་དག་པ་དང་ད་དུང་དེ་དང་རིགས་འདྲ་བའི་ནད་རྟགས་འདྲི་བའི་ལོ་དྲུག་ཡན་གྱི་ཡང་བསྐྱར་ནད་རྟགས་འདྲི་བའི་ནད་པས་མཉམ་འབྲེལ་དྲ་རྒྱའི་སྨན་བཅོས་སྟེགས་བུ་དང་མཉམ་འབྲེལ་དྲ་རྒྱའི་སྨན་ཁང་། ཁ་ཆད་སྨན་བཅོས་སྟེགས་བུ་བརྒྱུད་དེ་ཡང་བསྐྱར་སྨན་པར་སྟོན་ཆོག་པ་དང་། ནད་པ་སྒོར་འགྲོ་མི་དགོས་པར་སྨན་བཅོས་ཞབས་ཞུ་ཉམས་སུ་མྱངས་ཆོག “སྨན་པ་ལགས། ངའི་ལུས་ཕུང་མི་བདེ་བ་དང་། ཐང་ཆད་སླ་བས། ཁྱེད་ཀྱིས་ནད་ལ་ལྟ་རོགས།” ཁ་པར་བརྒྱུད་དེ་འབྲོག་པ་ཉི་མ་དོན་འགྲུབ་ཀྱིས་མཚོ་སྔོན་ཞིང་ཆེནབོད་སྨན་ཁང་གི་ཆེད་མཁས་པའི་སྨན་བཅོས་ཞབས་ཞུ་ཉམས་སུ་མྱངས།

ལོ་སུམ་ཅུར་སོན་པའི་ཉི་མ་དོན་འགྲུབ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་ཞོལ་མ་གྲོང་རྡལ་པད་མ་སྡེ་བས་ཡིན་པ་དང་། ཁོ་རང་དུས་རྒྱུན་ཁྱིམ་ནས་འཕྲུལ་རྟར་ཞོན་ཏེ་རག་ཤུལ་ཞོལ་མ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་དུ་སྨན་པར་སྟོན་དུ་འགྲོ་བཞིན་ཡོད་ལ། ཕལ་ཆེར་དུས་ཚོད་གཅིག་ཙམ་དགོས་པ་རེད། “ད་ལྟ་མཉམ་འབྲེལ་དྲ་རྒྱའི་བོད་སྨན་ཁང་” བརྒྱུད་དེ། རང་ཁྱིམ་ནས་མིང་དུ་གྲགས་པའི་ཆེད་མཁས་པའི་སར་ཐོ་འགོད་བྱེད་ཆོག་པར་མ་ཟད། སྨན་ཉོས་རྗེས་ད་དུང་ཁྱིམ་གྱི་སྒོ་ཁར་བསྐྱལ་ཡོང་བས། ངོ་མ་སྟབས་བདེ་རེད”ཅེས་ཉི་མ་དོན་འགྲུབ་ཀྱིས་དེ་ལྟར་བཤད།

ཅང་མ་འགོར་བའི་སྔོན་ཏག་ཏག་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ནས་སྐྲུན་པའི“མཉམ་འབྲེལ་དྲ་རྒྱའི་བོད་སྨན་ཁང”དངོས་སུ་བཀོལ་སྤྱོད་བྱེད་འགོ་ཚུགས། སྟེགས་བུ་འདིས་དྲ་ཐོག་ནས་ནད་རྟགས་འདྲི་བ་དང་། དྲ་ཐོག་ནས་བསྐྱར་དུ་ནད་རྟགས་འདྲི་བ། སྨན་སྟེར་བ། སྨན་རྫས་བསྐྱལ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད།

“མཉམ་འབྲེལ་དྲ་རྒྱའི་བོད་སྨན་ཁང་”ནི་མཚོ་སྔོན་ཞིང་ཆེན་གྱིས“མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ”ལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་དྲ་ཐོག་སྟེགས་བུ་ཞིག་རེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། “མཉམ་འབྲེལ་དྲ་རྒྱའི་བོད་སྨན་ཁང”གིས་མཉམ་འབྲེལ་དྲ་རྒྱ་དང་བོད་ལུགས་གསོ་རིག་སྨན་རྫས་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་གྱི་སྨན་བཅོས་ཞབས་ཞུའི་བར་སྟོང་བརྟོལ་ནས་རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱིས་ནད་ལ་སྟོན་དཀའ་བ་དང་། སྐད་ཆས་འབྲེལ་འདྲིས་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ། ནད་རྟགས་འདྲི་བའི་ཞབས་ཞུ་ཡང་བསྐྱར་རྒྱ་སྐྱེད་པ་དང་དམངས་ཕན་གྲུབ་འབྲས་ཡང་བསྐྱར་ཇེ་མཐོར་འགྲོ་བ་མངོན་འགྱུར་འབྱུང་དུ་འཇུག་རྒྱུ་རེད།

“མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་”གི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་དྲ་སྟེང་ནས“རིག་ནུས་སྨན་བཅོས་ལག་རོགས་པའི”གཞོགས་འདེགས་སྨན་བཅོས་མ་ལག་ཚོད་ལྟ་བྱས་ནས་སྨན་བཅོས་མིས་བཟོས་རིག་ནུས་ལག་རྩལ་ནས་དམ་འཛིན་བྱས་ཏེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་གཞི་རིམ་མང་ཚོགས་ལ་ཕན་འདོགས་པར་སྐུལ་འདེད་བཏང་། “རིག་ནུས་སྨན་བཅོས་ལག་རོགས་པ”ནི་གཞི་རིམ་སྨན་པར་ཞབས་འདེགས་ཞུ་བའི་མིས་བཟོས་རིག་ནུས་ཚན་ཁག་ཡོངས་ཀྱི་བརྟག་བཅོས་མ་ལག་ཅིག་ཡིན་པ་དང་། རིག་ནུས་ཀྱིས་ནད་བརྟག་འདྲི་བ་དང་། ནད་ཐོ་འབྲི་བ། ནད་ཐོའི་སྤུས་ཚད་ཞིབ་བཤེར། རམ་འདེགས་བརྟག་དཔྱད། འོས་སྦྱོར་བརྟག་བཅོས། གསོ་རིག་ཤེས་བྱ་འཚོལ་བ་སོགས་གཞི་གཅིག་དུ་འདུས་ཡོད་པ་དང་། དེས་གཞི་རིམ་སྨན་པའི་ནད་བརྟག་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ནད་བརྟག་སྨན་བཅོས་ཚད་ལྡན་དུ་གཏོང་བ། གཞི་རིམ་སྨན་པའི་ཤེས་བྱ་ཇེ་མང་དུ་གཏོང་བར་རོགས་རམ་བྱས་ཡོད་པས། ནད་པས་སྔར་ལས་ཆེད་ལས་ཅན་གྱི་སྨན་བཅོས་ཞབས་ཞུ་ཉམས་སུ་མྱོང་ཐུབ་རྒྱུ་རེད།

དམིགས་བསལ་གྱི“ལག་རོགས་པའི”རོགས་རམ་དེ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་མི་དམངས་སྨན་ཁང་གི་སྨན་པ་རིན་ཐའོ་ལ་མྱོང་ཚོར་ཟབ་མོ་ཡོད་པ་རེད། ད་ལོའི་ཟླ་བཞི་པར་རིན་ཐའོ་ཡིས་བྲང་ཁར་རྨས་སྐྱོན་ཕོག་པའི་ནད་པ་ཞིག་ལ་བརྟག་དཔྱད་བྱས་པ་དང་། ནད་པའི་ནད་རྟགས་དང་གཟུགས་པོའི་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་ཆེས་ཐོག་མར་བྲང་ཁར་རྨས་སྐྱོན་ཕོག་པར་ཐག་གཅོད་བྱས། ཡིན་ནའང་གློག་ཀླད་སྟེང་གི“རིག་ནུས་སྨན་པའི་ལག་རོགས་པ ”ཡི་སྟེང་དུ“ཉེན་ཁ་ཆེ”ཞེས་པའི་ཡི་གེ་འཆར་ཡོད་པས། ནད་པའི་རྩིབ་རུས་ལ་གས་ཆག་བྱུང་བའི་ཚོད་དཔག་རིགས་འདེད་བྱས། རིན་ཐའོ་ཡིས“རིག་ནུས་སྨན་པའི་ལག་རོགས་པ”ཡི་བརྟག་དཔྱད་ཐག་གཅོད་དང་འོས་སྦྱོར་བརྟག་དཔྱད་དཔྱད་གཞིར་བཟུང་ནས་ནད་པརCTབརྟག་དཔྱད་བཀོད་སྒྲིག་བྱས་པར་མ་ཟད། མཐའ་མཇུག་རྩིབ་རུས་ཆག་ཡོད་པ་གཏན་འཁེལ་བྱས་པ་རེད། རིན་ཐའོ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “‘རིག་ནུས་སྨན་པའི་ལག་རོགས་པ’བཀོལ་སྤྱོད་བྱས་རྗེས། རིག་ནུས་གཞོགས་འདེགས་བརྟག་བཅོས་བྱས་པ་བརྒྱུད། ང་ཚོར་ནད་པའི་ནད་གཞིའི་གནས་ཚུལ་ཞིབ་ཕྲའི་སྒོ་ནས་འདྲི་བ་དང་། ཡང་དག་པའི་སྒོ་ནས་ནད་རྟགས་ཐག་གཅོད་པ། ཕན་འབྲས་ལྡན་པའི་སྒོ་ནས་ནད་བརྟག་མི་ནོར་བ་དང་ཆད་ལུས་མི་ཡོང་བར་རོགས་རམ་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ནད་པའི་བདེ་ཐང་ལ་སྲུང་སྐྱོབ་བྱས”ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།