དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
2023.10.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

 རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པར་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པ་རེད། ཉེ་ལམ་འཚོགས་པའི་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་དང་རྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ། དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་གི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་།  གཟེར་མ་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས།   བྱ་བའི་ནུས་པ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་བྱ་བའི་སྤུས་ཚད་དང་ཕན་ནུས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དང་ལག་ལེན་ཁྲོད་རྣམ་པ་གསར་པ་ཡོད་པ་དང་བྱས་རྗེས་གསར་པ་འཇོག་དགོས”ཞེས་ནན་བཤད་གནང་བ་རེད།

དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་།  རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ། མི་རིགས་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་བྱས་ནས། “དར་ཆ་གསལ་སྟོན་གྱིས་ཏང་གིས་དྲིལ་སྒྲོག་ལ་དོ་དམ་དང་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱས་ཏེ།  ཏང་གི་དར་ཆ་དྲིལ་སྒྲོག་དང་བསམ་བློའི་འཐབ་ཕྱོགས་སུ་མཐོན་པོར་སྒྲེང་དགོས་པ”དང་།   “ཏང་གིས་སྨྱན་བྱད་ལ་དོ་དམ་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་།  ཆབ་སྲིད་པས་ཚགས་པར་གཉེར་བ་དང་།  དུས་དེབ་འདོན་པ།  རྒྱང་སྒྲོག་བརྙན་འཕྲིན་གཉེར་བ།  གསར་འགྱུར་དྲ་ཚིགས་གཉེར་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པའི”ནན་བཤད་གནང་བ་དང་། “འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ”དང“ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་པ།   “དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཡག་པོར་སྒྲུབ་པར་ངེས་པར་དུ་ཏང་ཡོངས་ནས་འགོ་འཛུགས་དགོས་པ”དང་།  “དྲིལ་སྒྲོག་ཆེན་པོའི་བྱ་བའི་འདུ་ཤེས་བཙུགས་ཏེ་འཐབ་ཕྱོགས་སོ་སོ་དང་སྡེ་ཁག་སོ་སོ་མཉམ་དུ་ལས་དོན་སྒྲུབ་པར་སྐུལ་སློང་བྱེད་དགོས་པའི”བླང་བྱ་བཏོན་པ་རེད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་ལག་ལེན་ཁྲོད་ནས་གསལ་བཤད་གང་ལེགས་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག“རིག་གནས་ཀྱི་རང་རྟོན་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་བསྐྲུན་དགོས”ཞེས་པར་དམིགས་ནས་བཀོད་སྒྲིག་གལ་ཆེན་བྱས་པ་དང་། འགོ་འཛུགས་ས་གསར་པའི་ཐོག་རིག་གནས་དར་རྒྱས་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་བ་ཞིག་ཡིན།   ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པ།  དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དྲིལ་སྒྲོག་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་པ་རེད། ཐེངས་འདིའི་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་པ་དང་།   རིག་གནས་འཛུགས་སྐྲུན་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་ལས་འགན་གཙོ་བོ་སྔར་ལས་གསལ་བོ་བཟོས་ཡོད། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ། རིག་གནས་ཀྱི་ལས་འགན་གསར་པར་དམིགས་པ།  རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། སྒོ་འབྱེད་ཁོངས་ཡངས་རྒྱུན་འཁྱོངས་བྱེད་པ།  བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། “ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས། དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན་ཡོད།

རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པ་མངོན་པར་བྱེད་པར། གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལས་དོན་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།  ཚོགས་འདུའི་བཀོད་སྒྲིག་ལྟར། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཡོང་བ་བྱས་ཏེ། དངོས་གནས་སློབ་སྦྱོང་དང་། དངོས་གནས་ཤེས་རྟོགས།  དངོས་གནས་ཡིད་ཆེས། དངོས་གནས་བཀོལ་སྤྱོད་བཅས་བྱེད་པ་དང་།  གཏིང་ཟབ་ཏུ་གཏོང་བ་དང་ནང་བྱན་ཆུད་པ། གཞན་སྒྱུར་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་བྱེད་དགོས་ཤིང་།   དུས་རབས་གསར་པར་འབད་པས་བསྐྱོད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། རང་རྟོན་ཆེ་རུ་གཏོང་བ་གཙོ་གནད་དུ་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་བྱེད་པ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཡོངས་ཁྱབ་ཏུ་ལག་ལེན་བྱས་ཏེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་ཇེ་ལེགས་སུ་གཏོང་བ་དང་གསར་གཏོད་བྱེད་པ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ།  ཕྱི་ཕྱོགས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་།  འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་ཟོན་དང་ནུས་ལྡན་ངང་སེལ་ནས་རལ་གྲི་འཕྱར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་དགོས།  ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག འཆད་འགྲེལ་བཅས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས་པར་མ་ཟད། དྲིལ་སྒྲོལ་དང་བསམ་བློ།  རིག་གནས་བཅས་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་འགན་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ། ལས་འགན་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ།  འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དངོས་གནས་ཆེ་རུ་གཏོང་བ་དང་།  ལས་དོན་དམ་འཛིན་ཡག་པོ་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ།   ཕན་འབྲས་ཐོབ་པ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

ཏང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བྱས་ཚེ། གཞི་ནས་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཐོག་ཏུ་ཁུར་ཏེ། རིག་གནས་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས་པ་དང་། རིམ་པ་སོ་སོའི་དྲིལ་སྒྲོག་དང་རིག་གནས་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། བཅོས་སྒྱུར་དང་གསར་སྐྲུན་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ནས། དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས་ནན་བཤད་གནང་བ་རེད།  ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་སྔར་ལས་རང་རྟོགས་སྒོས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།   བཅོས་སྒྱུར་དང་གསར་སྐྲུན་བྱེད་ཕོད་པ་བྱས་ཏེ་བསམ་བློ་གསར་པ་དང་རྐྱེན་སྲོལ་གསར་པ་འདོན་པ་དང་བཀོལ་སྤྱོད་ཡག་པོ་བྱེད་པ་དང་།  དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ནང་གནས་གསོན་ཤུགས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་བར་བྱེད་དགོས།  ཁྲིམས་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་རྣམ་པ་བརྒྱུད་ནས་དྲིལ་སྒྲོག་དང་བསམ་བློ། རིག་གནས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་ལས་མཐོང་ཆེན་བྱེད་དགོས། ལས་བྱེད་པའི་འཇོན་མིའི་དཔུང་ཁག་སྟོབས་ཆེར་བཏང་སྟེ།  དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་མཉམ་དུ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་དཔུང་ཁག་ཅིག་ཧུར་ཐག་གིས་གཏོད་དགོས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིནཔའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་།  ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་ལེགས་པར་འཁུར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བདེན་སྲུང་གསར་གཏོད། མཐུན་སྒྲིལ་འབད་འཐབ། ལས་སྒྲུབ་ཏན་ཏིག་བཅས་བྱས་ན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེ་ཚན་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ་པ་དང་། ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་མུ་མཐུད་དུ་བསྐྲུན་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་ཐོག་གི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ།  རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་འདོན་སྤྲོད་བྱེད་ཐུབ།

ལོ་ཙཱ་བ། སྒྲོལ་མ་སྐྱིད།