“བསླབ་པས་སྒྲུབ་པར་སྐུལ་ན”ངེས་པར“སྒྲུབ་པའི”སྟེང་ལ་འབབ་དགོས།
2023.10.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས། “དགོངས་དོན་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”ཅེས་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། གཏིང་ཟབ་དང་ནན་སྒྲུབ་བྱེད་པའི་སྟེང་བློ་བསྐྱེད་རྩ་རྒྱས་དང་དངོས་སྒྲུབ་ཁག་ཁུར་བྱེད་པ། སྒྲུབ་པའི་ཁྲིད་ཕྱོགས་ཡོ་བསྲང་དང་སྒྲུབ་པའི་སྒུལ་ཤུགས་ཇེ་དྲག སྒྲུབ་པའི་མཉམ་སྟོབས་ཆགས་སུ་འཇུག་པ་དང་། ལས་སྒྲུབ་མཁན་ལ་རྒྱབ་སྐྱོར་དང་ལས་འགྲུབ་མཁན་ལ་སྐུལ་མ་གཏོང་བ་བཅས་ཀྱིས་འགྲན་རྩོད་སྒོས་ལས་སྒྲུབ་དང་ལས་སྐྲུན་བྱེད་པའི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་ཏང་ཡོན་ལས་བྱེད་པས་སྒྲུབ་འདོད་པའི་རང་རྟོགས་ནམ་ཡང་སྲུང་འཛིན་དང་སྒྲུབ་ཐུབ་པའི་འཇོན་ཐང་ནམ་ཡང་ཇེ་དྲག ལས་ནས་འགྲུབ་པའི་སྤྱོད་ཚུལ་སྦྱོང་བ་བཅས་བྱས་ཏེ། སྔོན་དུ་བསྐྱོད་ཅིང་མིག་དཔེ་བསྟན་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་བློ་ཐག་རྦད་ཆོད་ཀྱིས་ཁག་ཁུར་གསར་པ་ཕྲག་ཏུ་འཁུར་དགོས།

“སྒྲུབ་ཕོད་པ”ཡི་སྣང་ཚུལ་བསྐྲུན་ནས་ལས་བྱེད་པས་གསར་སྐྲུན་བྱེད་ཕོད་པར་སྐུལ་ལྕག་གཏོང་དགོས། ད་ལྟ་ང་ཚོར་བསྐྲུན་ཕོད་སྒྲུབ་ཕོད་དང“ཐོག་མར་བསྒྲུབ་ཕོད་མཁན”གྱི་སྤུས་ཚད་མཐོ་བའི་ལས་བྱེད་པ་སྐོར་ཞིག་མྱུར་དུ་མཁོ་མོད། འོན་ཀྱང་བཅོས་བསྒྱུར་གསར་སྐྲུན་ཁྲོད་རྒྱུན་དུ་ཉེན་ཁ་དང་འགྲན་སློང་ལ་གདོང་གཏད་དགོས་པས། ལས་བྱེད་པ་ཁ་ཤས་ལ་དངངས་སྐྲག་སྐྱེས་ཏེ་བསྒྲུབ་མི་ཕོད་པའི་གནས་ཚུལ་འབྱུང་སྲིད། ནོར་འཁྲུལ་ལ་གུ་ཡངས་དང་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་པས་བྱ་བ་སྒྲུབ་པའི་ཁྲོད་ཐབས་ལམ་གསར་པ་དང་ལམ་སྲོལ་གསར་པ་འཚོལ་སྙེག་བྱེད་ཆེད་བྱུང་བའི་ནོར་འཁྲུལ་དང་གནད་དོན་གྱི་འབྱུང་རྐྱེན་ལ་གནས་ཚུལ་ལྟར་གུ་ཡངས་བཏང་ཆོག་པ་རྣམས་ལ་གང་ཐུབ་ཀྱིས་གུ་ཡངས་གཏོང་དགོས། གསར་སྐྲུན་ཉེན་ཁའི་གྲ་སྒྲིག་ལམ་ལུགས་འཛུགས་པ་དང་། གྲ་སྒྲིག་དོན་ཚན་གྱི་ཉེན་ཁར་གདེང་འཇོག་བྱས་ཏེ། དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། དོ་དམ་དང་གཅེས་སྐྱོང་ཕན་ཚུན་ཟུང་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ལས་བྱེད་པའི་རྒྱབ་རྟེན་ལེགས་པོ་བྱེད་པ་དང་བཅོས་བསྒྱུར་གསར་སྐྲུན་གྱི་སྣང་ཚུལ་བཟང་པོ་བསྐྲུན་པ། ཁོ་ཚོར་ཉེན་ཁ་འགན་དུ་འཁུར་ཕོད་ཅིང་རང་འགུལ་གྱིས་ཁག་ཁུར་ལས་སྒྲུབ་བྱེད་དུ་བཅུག་སྟེ། བསྒྲུབས་རུང་མི་འགྲུབ་པའི་སེམས་ཁམས་ཡོད་དུ་འཇུག་མི་རུང་།

“སྒྲུབ་མཁས”ཀྱི་འཇོན་ནུས་མཐོར་འདེགས་བྱས་ཏེ་ལས་བྱེད་པར་འཐབ་རྩོད་ཁྲོད་ངེས་པར་རྒྱལ་བའི་ཡིད་ཆེས་ཡོད་དུ་འཇུག་དགོས། འཐབ་ལམ་གསར་པའི་སྟེང་དུ“འཐབ་ན་ངེས་པར་རྒྱལ་བ་དང་ཐེངས་དུ་ལ་འཐབ་ན་ཐེངས་དུ་ལ་རྒྱལ”དགོས་ན། ལས་བྱེད་པ་ཁོ་ནས་འབད་པ་བྱས་པས་མི་ཆོག་པར། སློབ་གསོ་གསོ་སྦྱོང་དང་ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་ནས། ལས་བྱེད་པ་སྒེར་གྱི་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དང་ལས་སྒོའི“འཇོན་ཐང་སྣ་མང”སྐྱེད་སྲིང་བྱེད་དགོས། སློབ་གསོ་དང་གསོ་སྦྱོང་རྒྱུན་མི་ཆད་པར་སྤེལ་བ་་དང་། ལས་བྱེད་པ་ཆེད་ལས་འཇོན་ནུས་ཀྱི་གསོ་སྦྱོང་དང་ཕྱི་རུ་རྟོག་ཞིབ་སློབ་སྦྱོང་དུ་མངག་ཅི་ཐུབ་བྱས་ཏེ། ལས་བྱེད་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། ལས་བྱེད་པའི་དཔྱད་ཞིབ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། ཡོངས་ཁེབས་ཅན་མངོན་འགྱུར་བྱེད་དགོས་ན། རྒྱུན་ལྡན་གྱི་དཔྱད་ཞིབ་དང་ལོ་འཁོར་དཔྱད་ཞིབ་སོགས་ཀྱི་བྱེད་ཐབས་མང་པོ་ཕྱོགས་བསྡུས་ཀྱིས་བཀོལ་བ་དང་། ལས་བྱེད་པའི་འགན་སྒྲུབ་གནས་ཚུལ་དང་མང་ཚོགས་ཡིད་ཚིམ་ཚད་སོགས་ཀྱི“ཚད་ཤིང”མང་པོར་དམིགས་ཏེ། ལས་བྱེད་པར་འཆར་གཞི་གནད་འཁེལ་གྱིས་འགོད་པ་དང་ལས་བྱེད་པར་ལོག་འདེད་བྱེད་པའི་བྱ་བའི་ཁྲོད་དུ་ཚད་གཞི་མཐོན་པོས་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་། དཔེ་ཆའི་ངོས་ནས་སློབ་པ་དང་མང་ཚོགས་ཀྱི་ཁྲོད་ནས་སློབ་པ། ལག་ལེན་གྱི་སྟེང་ནས་སློབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དོན་ངོ་མས“མཚོན་ཆ་རྣོ་ཞིང་བྱ་བར་མཁས་པ” ཞིག་བྱེད་དགོས།

“དངོས་སྒྲུབ”ཀྱི་ཤེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་ལས་བྱེད་པས་དངོས་སྒྲུབ་དོན་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་ཞིག་བྱེད་པའི་དོན་སྙིང་ངོ་མ་དང་རིན་ཐང་གནས་ས་ནི་ཡུལ་ཕྱོགས་གཅིག་འཕེལ་རྒྱས་གཏོང་བ་དང་ཡུལ་དེའི་བདེ་འཇགས་སྲུང་བ། ཡུལ་དེའི་དར་སྲོལ་དྲང་བོར་བསྲུང་རྒྱུ་དེ་ཡིན། ལས་བྱེད་པས་སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛིན་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ནི་ད་གཟོད་ཆེས་ཆེ་བའི་སྲིད་སྐྱོང་གྲུབ་འབྲས་ཡིན་པ་ཡིད་ལ་བརྟན་པོར་བཅངས་ནས། ལང་ཚོ་དང་ལྷག་བསམ་ཡོད་ཚད་མི་དམངས་ལ་དོན་དངོས་སྒྲུབ་པར་འབུལ་དགོས། རིམ་པ་གོང་མའི་ལས་བྱེད་པ་གཞི་རིམ་དུ་སོང་ནས་ལས་འགན་འཁུར་ཞིང་རྟོག་ཞིབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་འགུལ་གྱིས་གཞི་རིམ་དུ་བསྐྱོད་ཅིང་མང་ཚོགས་དང་བཅར་བ། དཀའ་ཁག་ཆེ་ཞིང་མང་ཚོགས་ལ་བསམ་འཆར་མང་བ། བྱ་བ་སྒྲུབ་ཐབས་ལེགས་འགྲུབ་ཡོང་མི་ཐུབ་པའི་ས་ཆར་སོང་སྟེ་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་ནུས་ཤུགས་ཡོད་རྒུས་གནད་དོན་ཐག་གིས་གཅོད་དགོས། “ཁ་ཆར་བུ་ཡུག”དེ་རང་ཉིད་བརླན་བྱེད་ཀྱི“བདུད་རྩི”རུ་བསྒྱུར་པ་དང་། “སྡུག་གི་མཚོ་མོ”དེ་རང་ཉིད་སྦྱོང་བརྡར་བྱེད་སའི“དམག་སྦྱོང་ར་བ”རུ་བརྩིས་ཏེ། འགན་འཁྲིའི་འདུ་ཤེས་མཐོན་པོ་ཡིས་མི་དམངས་ལ་དོན་དངོས་སྒྲུབ་པའི་ལས་ཡུལ་དང་པོར་མཆོང་བ་དང་། ལག་ལེན་དང་དངོས་སྒྲུབ་ཁྲོད“གོར་མོ་རྡོ་ལྟར་སྲ་བའི་ལུས་པོ”ཞིག་སྦྱངས་ནས། དཀའ་ལས་ཆེ་ཞིང་ཉེན་ཁ་རྒོད་པའི་ཁྲོད་དུ།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི“ལྗོན་ཤིང་ཆེན་མོ”ཞིག་ཏུ་འགྱུར་བར་བྱེད་དགོས།

                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།